ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་མ་ལག་གསར་གཏོད་བྱེད་པ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་ཕྱིན་ཡོད།
ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་ཧུར་ཐག་བྱས་པ།
རང་ལྗོངས་ཀྱིས་ཐོན་ཁུངས་བགོ་བཤའི་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་ཡག་པོ་བཏོན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་གཞི་ཚུགས་པ་དང“སྣ་ཁ་མང་དུ་བཏང་། སྤུས་ཚད་མཐོ་རུ་བཏང་། སྤུས་རྟགས་གསར་པ་གཏོད”བཅས་ལ་དམིགས་ཏེ་ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་རང་བརྟེན་གསར་གཏོད་སྒུལ་ཤུགས་སུ་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། ལེགས་བསྡུས་ཞིབ་གཉེར། གྲུབ་ཆ་ལེགས་སྒྲིག ལྗང་མདོག་ཐཱན་ཉུང་། ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་ཁྱད་ལྡན་ལེགས་ཆའི་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་ལས་མ་ལག་ཅིག་ཧུར་ཐག་བཏོད་ཡོད།
རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ཐོན་ལས་ཁྲུའི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་གྱི་གནས་བབ་མཐའ་འཁྱོངས་བྱེད་པ་དང་། ས་མཐོའི་ཁྱད་ཆོས་ལྡན་པ་དང་ལྗང་མདོག་ས་གཙང་གི་དམིགས་བསལ་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས“སྣ་ཁ་བཅུ་དང་། གླིང་དྲུག སྐོར་གསུམ། ལས་སྟེགས་གཅིག”བཅས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད།
རང་ལྗོངས་ཀྱིས་ཁྲོམ་རའི་བྱེད་པོའི་ཧུར་སེམས་འདོན་སྤེལ་མཐའ་འཁྱོངས་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་བཏང་ཞིང་། ད་བར་བསྡོམས་ཐོན་རྫས་18ལ་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད། དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་ལམ་སྲོལ་མཐའ་འཁྱོངས་བྱས་ཏེ་མ་དངུལ་དང་ཐོན་ཁུངས་བསྡུ་སྒྲིལ་གྱིས་མ་འཇོག་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ནང་སའི་ཁེ་ལས“ནང་འདྲེན”དང་རང་ལྗོངས་ཀྱི་དམིགས་བསལ་ཞིང་འབྲོག་ཐོན་རྫས“ཕྱིར་གཏོང”ལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་རེད།
ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པ།
རང་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱིས་གྲུབ་ཆ་ལེགས་སྒྲིག་དང་ཞན་ཆ་གསབ་རྒྱུ་ལྟེ་བར་བྱས་ཏེ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ནུས་པ་དང་ཐོན་སྐྱེད་ཕན་འབྲས་ཆེ་རུ་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ཐོན་ལས་ཁྲུའི་འགན་འཁུར་བས་མིག་སྔར་རང་ལྗོངས་ཀྱི་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་200ལྷག་ཙམ་ཟིན་ཡོད་པ་དང་། དེ་དག་ཁྲོད་མང་ཆེ་བ་རིམ་ཁག་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གཙོ་བོར་གྱུར་ཡོད། རང་ལྗོངས་ཀྱི་རིམ་ཁག་སྣེ་འདྲེན་ཁེ་ལས་ཀྱིས་མངགས་ཐོ་མང་དུ་གཏོང་བ་དང་། ཞིང་འབྲོག་པ་ལས་ཞུགས་བྱ་རྒྱུའི་ཡིད་འགུག་པ། “ཀུང་སི་དང་། རྟེན་གཞི། ཞིང་འབྲོག་དུད་ཚང”བཅས་མཉམ་འབྲེལ་བྱེད་པ་སོགས་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ནུས་ལྡན་སྤྱད་དེ་ཞིང་འབྲོག་དུད་ཚང་ཁྲི་12.5ཡི་མི་ཁྲི་60ལྷག་ཙམ་སྐུལ་ཁྲིད་བྱས་པ་དང་ཞིང་ལས་སྐྱེ་དངོས་མུའུ་ཁྲི་50ལྷག་ཙམ་འདེབས་རྒྱུའི་སྐུལ་ཁྲིད་དང་སྒོ་ཕྱུགས་དང་ཁྱིམ་བྱ་མགོ་གྲངས་ཁྲི་500ལྷག་ཙམ་གསོ་ཚགས་བྱས་པས་ཞིང་འབྲོག་ཐོན་རྫས་ཀྱི་མངགས་ཐོའི་དངུལ་གྲངས་སྒོར་དུང་ཕྱུར་2ལྷག་ཙམ་ཟིན་པ་མ་ཟད་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་དེ་ཉིད་ཞིང་འབྲོག་པའི་ཡོང་འབབ་འཕར་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསར་འགོད་པར་བཤད།
རང་ལྗོངས་ཀྱིས་ཁྲོམ་ར་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་ཁོངས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱད་ལྡན་ཞིང་འབྲོག་ལས་དང་ཕན་འབྲས་ཆེ་བའི་ཞིང་འབྲོག་ལས་སྐྱེད་སྲིང་བྱ་རྒྱུ་ཚད་བརྒལ་བྱ་གཞིར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་བཏང་བས་རང་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དང་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་དཔེ་སྟོན་གླིང་ཞིག་རགས་ཙམ་ཆགས་ནས་རང་ལྗོངས་ཀྱི་མང་ཚོགས་ཁྲི་160ལྷག་ཙམ་སྐུལ་ཁྲིད་ཐུབ་པ་དང་འབབ་འཕར་སྒོར་དུང་ཕྱུར་13.15བྱུང་ཡོད།
མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་བ།
སླད་ཕྱིན་དུས་སྐབས་ཤིག་རིང་། རང་ལྗོངས་ཀྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་སྔར་བས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ཞིང་ལས་དང་གྲོང་གསེབ་ཚོགས་འདུའི་དགོངས་དོན་གཞིར་བཟུང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྲོག་ཤིང་ལ་དམིགས་ཏེ་ཐོན་ནུས་རྒྱ་བསྐྱེད་དང་། གྲུབ་ཆ་ལེགས་སྒྲིག མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ། སྣོད་བཅུད་སྲུང་སྐྱོང་། སྒྱུར་བཅོས་ལ་སྐུལ་འདེད། ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་རྒྱུ་རེད།
རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ཐོན་ལས་ཁྲུའི་འགན་འཁུར་བས་སླད་ཕྱིན་རང་ལྗོངས་ཀྱིས་ཞིང་འབྲོག་ལས་གཉེར་སྐྱོང་གི་སྒྲིག་གཞི་དང་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་ཚན་རྩལ་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ། ཕ་ཡུལ་དུ་ལོག་པའི་མི་སྣས་ལས་གཏོད་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། ཞིང་འབྲོག་ཁུལ་གྱི་བྱེད་པོ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། “དྲ་སྦྲེལ+”འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་ནུས་དང་། ཁྲོམ་རའི་འགྲན་རྩོད་ནུས་པ། སྤུས་ཚད་དང་ཕན་འབྲས་བཅས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།