དབུ་ཤོག>ཞིང་འབྲོག་གསར་པ།
  • འབྲི་ཏ་ས་འཛིན་དམར་ཆིལ་ཆིལ། མང་ཚོགས་དངུལ་ཁུག་ལྗིད་ཏིག་ཏིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-19

    “བྲོ་བ་གཟིགས་དང་། མངར་མོ་མངར་རྐྱང་རེད། དེ་རིང་ཞོགས་པ་འཐུས་ནས་རྫོང་དུ་འཚོང་བར་འགྲོ་མཁན་ཡིན། ང་ཚོས་བཏབ་པའི་འབྲི་ཏ་ས་འཛིན་ལ་ཞིང་སྨན་མེད་པ་དང་། བྲོ་བ་ཡག་པས་བྲིན་ཁ་རྒྱུག་པོ་འདུག”ཅེས་སྟག་རྩེ་རྫོང་པད་ནག་གྲོང་ཚོའི་འབྲི་ཏ་ས་འཛིན་འདེབས་འཛུགས་བྱེད་མཁན་པ་སངས་ཀྱིས་ད་ལྟ་འཐུས་ཟིན་པའི་འབྲི་ཏ་ས་འཛིན་སི་ར་གང་ལག་ཏུ་འཁྱེར་ནས་གསར་འགོད་པར་དེ་ལྟར་བཤད།

    སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོར་གནས་པའི་སྟག་རྩེ་རྫོང་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞི་ནི་སྟག་རྩེའི་འབྲི་ཏ་ས་འཛིན་ཐོན་སྐྱེད་ཁུལ་གཙོ་བོ་རེད། ལྷ་སའི་ཤར་སྒོ་ཆེ་མོ་ཡིན་པའི་སྟག་རྩེ་རྫོང་གིས་པད་ནག་གྲོང་ཚོའི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞིར་འགྲིམ་འགྲུལ་གྱི་སྟབས་བདེ་བསྐྲུན་ཡོད། འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞི་2009ལོར་བཙུགས་པ་ནས་བཟུང་སྔ་ཕྱི་བར་གསུམ་དུ“ཚན་རིག་ཅན་དང་། ཁྱད་ལྡན་ཅན། ཐོན་ལས་ཅན། སྤུས་རྟགས་ཅན”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་ཐོན་ལས་སྐྱེད་སྲིང་ལྟེ་བར་བྱེད་པ་དང་། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་རྨང་གཞིར་བྱེད་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་ཁ་ཕྱོགས་སུ་བྱེད་པ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་གཙོ་གནད་དུ་བརྩིས་ཏེ་རྟེན་གཞིའི་དཔེ་སྟོན་སྐུལ་ཁྲིད་ནུས་པ་འབུར་དུ་ཐོན་པ་བྱས་ནས་ས་ཞིང་ཐོན་ཚད་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པའི་ཡོང་འབབ་མང་དུ་བཏང་བ་རེད།

    པ་སངས་ཀྱིས“ངས་འབྲི་ཏ་ས་འཛིན་བཏབ་ནས་ལོ་མང་པོ་ཕྱིན་སོང་། དང་ཐོག་གང་ཡང་ཤེས་ཀྱི་མི་འདུག རྗེས་སུ་འདེབས་འཛུགས་གསོ་སྦྱོང་ནང་ཞུགས་པ་མ་ཟད། རྫོང་ཨུད་དང་རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་རོགས་སྐྱོར་བརྒྱུད་ད་ལྟ་ངས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་མུས་ཡིན”ཞེས་གསར་འགོད་པར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2006ལོ་དང་2007ལོར་གྲོང་ཁྱེར་ཞིང་འབྲོག་ཅུས་དང་ཞིང་འཕེལ་གཞུང་དོན་ཁང་གཉིས་ཀྱིས་པད་ནག་གྲོང་ཚོར་དྲོད་ཁང་110བསྐྲུན་ཏེ་སྔོ་ཚལ་དང་ཤིང་འབྲས་སོགས་ཞིང་ལས་སྐྱེ་དངོས་བཏབ་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་། 2009ལོའི་ལོ་མཇུག་ཏུ་པད་ནག་གྲོང་ལྷན་གྱིས་སྣ་ཁ་གསར་པ་བསྣན་ཏེ་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བའི་ཁར། ཚན་རྩལ་ལ་བརྟེན་ནས་སྣ་ཁ་གསར་པ་ཁྱབ་གདལ་བཏང་སྟེ་ཅང་སུའུ་ནས“ཧྥ་ལན་ཏི”ཞེས་པའི་འབྲི་ཏ་ས་འཛིན་སོན་གསར་ནང་འདྲེན་བྱས་ནས་དྲོད་ཁང་10ལ་ཚོད་འདེབས་བྱས་པ་རེད། སྣ་ཁ་དེ་རྒྱུན་གཏན་ལས་སྤུས་དག་པ་དང་། དཔལ་འབྱོར་ཕན་འབྲས་ཆེ་བ། ཚོད་འདེབས་གྲུབ་འབྲས་མངོན་གསལ་དོད་པས། འདེབས་རྒྱ་ཆེ་རུ་བཏང་བས་ད་ལྟའི་སྟག་རྩེ་རྫོང་གི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞི་ཆགས་པ་དང་འབྲི་ཏ་ས་འཛིན་འདེབས་འཛུགས་པད་ནག་གྲོང་ཚོའི་ཁྱད་ལྡན་ཞིང་ལས་ཀྱི་མཚོན་རྟགས་སུ་གྱུར་པ་རེད།

    པ་སངས་ཀྱིས“འབྲི་ཏ་ས་འཛིན་འདེབས་འཛུགས་བྱས་པ་བརྒྱུད་ང་ཚོར་ཕྱུག་འགྱུར་ཐབས་ལམ་རྙེད་བྱུང་། པད་ནག་གྲོང་ཚོར་ང་ཕུད་པའི་འབྲི་ཏ་ས་འཛིན་རྟེན་གཞི་ཡོད་མཁན་ད་དུང་གནད་སྨིན་དབུལ་སྐྱོར་དུད་ཚང་26ཡོད། ཁོང་ཚོས་ཀྱང་ང་དང་འདྲ་བར་སྲིད་གཞུང་གི་རོགས་སྐྱོར་དང་རྒྱབ་སྐྱོར་ཆུད་ཟོས་སུ་མ་བཏང་བར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་བཞིན་ཡོད། དེ་སྔོན་པད་ཚལ་དང་། སུར་པན། ལ་ཕུག་སོགས་ཁྲོམ་རར་མང་བའི་སྔོ་ཚལ་ལས་བཏབ་ཀྱི་མེད་པས། ཟླ་རེར་ཡོང་འབབ་སྒོར་ཆིག་སྟོང་ཡས་མས་ལས་མི་འདུག ད་ལྟ་འབྲི་ཏ་ས་འཛིན་བཏབ་པས་ཡོང་འབབ་དེ་སྔོན་ལས་མང་དུ་ཕྱིན་སོང”ཞེས་གསར་འགོད་པར་བཤད།

    ད་ཆ་པད་ནག་གྲོང་ཚོའི་འབྲི་ཏ་ས་འཛིན་དྲོད་ཁང་42བར་མང་དུ་ཕྱིན་པ་དང་འདེབས་འཛུགས་རྒྱ་ཁྱོན་མུའུ་25.2ཟིན་ཡོད། འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞིས“གྲོང་ཚོ་ཨུ་ལྷན+མཉམ་ལས་ཁང+ཞིང་དུད”བཅས་ཀྱི་དོ་དམ་བྱེད་སྟངས་སྤྱད་པའི་ཁར། པད་ནག་གྲོང་ཚོའི་སྣོད་བཅུད་ཁོར་ཡུག་གི་ལེགས་ཆར་བརྟེན་པས། “རྟེན་གཞི+སོས་དལ་ཡུལ་སྐོར+ཞིང་ལས་ཉམས་ལེན”གྱི་གཉེར་སྐྱོང་བྱེད་སྟངས་གསར་པ་ཞིག་ཆགས་ཡོད། འབད་འབུངས་ལྷོད་མེད་དང་ལོ་མང་འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད་སྟག་རྩེ་རྫོང་གི་འབྲི་ཏ་ས་འཛིན་རྟེན་གཞི་དེ་སོན་གསོ་དང་། ཐོན་སྐྱེད། ཐུམ་སྒྲིལ། བྲིན་ཚོང་བཅས་གཞི་གཅིག་ཏུ་བསྡུས་པའི་ཐོན་ལས་སྦྲེལ་ཐག་ཅིག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།