དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་རྡལ་ཆུང་ངུ་དེ་བས་མཛེས་སྡུག་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-12

    ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་མི་ཨུ་ལྷན་དང་ཡུག་ཤོད་གྲོང་ཚོ་སོགས་སྲིད་འཛིན་གྲོང་ཚོ་4ཡི་གྲོང་མི་ཚོས་ལོ་ཕྱེད་ལྷག་གི་རེ་སྒུག་བྱས་པ་བརྒྱུད་མི་སེམས་ལ་སྐུལ་མ་ཐེབས་པའི་དུས་སྐབས་བསུས་པ་སྟེ། དཀྱིལ་ཐང་གྲོང་རྡལ་ཀོང་ཏུང་གྲོང་གསར་གྱི་གནས་སྤོས་མཛད་སྒོ་འཚོགས་པ་རེད།

    “ནམ་རྒྱུན་ཁོམ་པ་བྱུང་བ་དང་ངས་ཁང་པར་ལྟ་བར་ཡོང་གི་ཡོད། ཁང་པ་ཉིན་རེ་བཞིན་མཛེས་སུ་འགྲོ་བ་མཐོང་སྐབས་སེམས་ནང་དགའ་ཚོར་ཆེན་པོ་སྐྱེ་བ་མ་ཟད། ལམ་སེང་ཁང་པ་གསར་པར་སྤོ་རྒྱུ་ཡོད་པས། ནང་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ”ཞེས་གྲོང་མི་རྡོ་རྗེས་སེམས་འགུལ་ཐེབས་བཞིན་བཤད།

    དཀྱིལ་ཐང་གྲོང་རྡལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀྱི་རྣམ་གྲངས་ནི་བྲག་གཡབ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དོན་དངོས་དང་ཟུང་འབྲེལ་དང་། ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བར་གཞི་ཚུགས་པ། ཞིང་འབྲོག་པ་དབུལ་པོར་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱེད་པའི་འདུ་འགོད་གལ་ཆེན་ཞིག་རེད། རྣམ་གྲངས་ཁྱོན་ཡོངས་ལ་མ་དངུལ་སྒོར་ཁྲི་4869བཏང་བར་སྲིད་འཛིན་གྲོང་ཚོ་4དང་རང་བྱུང་གྲོང་ཚོ་14ཡི་དུད་ཚང་130དང་མི་གྲངས་695སྤོ་རྒྱུ་ཡིན་པ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་75ཡི་མི་གྲངས་287དང་འབྲེལ་བ་ཡོད་པ་རེད།

    བྲག་གཡབ་རྫོང་ཨུད་ཀྱི་རྒྱུན་ཨུ། དཀྱིལ་ཐང་གྲོང་རྡལ་ཕྱོགས་བསྡུས་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་དབྱིང་ཁྲུན་གྱིས“ཀོང་ཏུང་གྲོང་གསར་དུ་སྤོས་པའི་མང་ཚོགས་ཚོས་སླད་ཕྱིན་གྱི་འཚོ་བའི་ནང་ཡུལ་བབས་ཀྱི་ལེགས་ཆར་བརྟེན་ནས་སྣོད་བཅུད་ཤིང་འབྲས་ལྡུམ་ར་དང་། སྣོད་བཅུད་ཞིང་ལས་ལྟ་སྐོར་གླིང་ཁ། བཞོན་མ་གསོ་ཚགས་སོགས་དམངས་ཕྱུག་ཐོན་ལས་སོགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཁྱིམ་དར་ཕྱུག་འགྱུར་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ནི་དཀའ་མོ་ཞིག་མིན”ཞེས་བརྗོད།

    དཀྱིལ་ཐང་གྲོང་རྡལ་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ནི་བྲག་གཡབ་རྫོང་གི་ལྷོ་ནུབ་ཏུ་གནས་པ་དང་རྫོང་གྲོང་ནས་བར་ཐག་སྤྱི་ལེ་30ཡོད་པ་དེ་བྲག་གཡབ་རྫོང་གི་སྒོ་དང་སྒེའུ་ཁུང་ལྟ་བུ་རེད་ལ། ཁྲོན་བོད་གཞུང་ལམ་གྱི་ལྷོ་ལམ་དང་ཡུན་བོད་གཞུང་ལམ་ནས་ཆབ་མདོ་བར་གྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཀྱང་ཡིན་ཞིང་། མོ་ཊར་བསྡད་ན་ཆབ་མདོ་གྲོང་ཁུལ་ནས་ཆུ་ཚོད་ཕྱེད་ཀ་ཙམ་གྱི་ལམ་ཐག་ལས་མེད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད་པ་རེད།

    ཐོན་ལས་གཅིག་སྡུད་དང་། ནུས་པ་ཆ་ཚང་བ། བཀོད་པ་ལུགས་མཐུན། ཁོར་ཡུག་མཛེས་པ། ལས་སྡོད་ལ་འཚམ་པ་བཅས་ཀྱི་གྲོང་རྡལ་ཆུང་ངུ་ཞིག་གཏོད་ཕྱིར། དཀྱིལ་ཐང་གྲོང་རྡལ་གྱིས་ལེ་ལག་ཚང་བའི་བྱ་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་ཡུལ་སྐོར་ལྟ་སྐོར་དང་ཟ་བཏུང་སྤྲོ་སྐྱིད་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད། གྲོང་གསེབ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ་དང་གྲོང་ཁྱེར་དང་གྲོང་རྡལ་དེང་རབས་ཅན་དུ་འགྱུར་ཕྱིར་ལས་སྟེགས་གཏོད་པ་དང་ཞིང་པ་གྲོང་ཁྱེར་དང་གྲོང་རྡལ་དུ་སྤོ་རྒྱུའི་བློ་ཡིད་བཀུག་ནས་གྲོང་རྡལ་དང་གྲོང་ཚོ་ཕན་ཚུན་མཉམ་འགུལ་དང་སྐས་རིམ་བཞིན་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    དཀྱིལ་ཐང་གྲོང་རྡལ་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་སྤྱིའི་འཆར་འགོད་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་93.93ཡོད་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཕུད། ད་དུང་ལྟེ་བའི་ཁུལ་དང་། སྲིད་འཛིན་ལུས་གསོ་ཁུལ། གནམ་ཐང་རྒྱབ་ཕྱོགས་ལས་སྒྲུབ་ཁུལ། ས་ཆ་སྔོན་ཉར་ཁུལ། ཐོན་ལས་ཁུལ་བཅས་ཡོད་པ་རེད།

    གོམ་སྟབས་རྗེས་མར་བྲག་གཡབ་རྫོང་གིས“འཚོ་བ་སྐྱེལ་བར་ཁྱིམ་གཞིས་ཡོད་པ་དང་། ལས་ཞུགས་བྱེད་པར་ཐབས་ལམ་ཡོད་པ། འཚོ་སྡོད་བྱེད་པར་འགན་ལེན་ཡོད་པ”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་དཀྱིལ་ཐང་གྲོང་རྡལ་དེ་ཁམས་པའི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱིས་གཙོ་བོ་བྱེད་པ་དང་། སྣོད་བཅུད་ཞིང་ནགས་ལས་ཀྱི་ལྟ་སྐོར་དང་ཆུ་ཚན་སྤྲོ་གསེང་། དེ་བཞིན་ཁམས་པའི་མི་རིགས་རིག་གནས་ངོམས་སྟོན་མྱོང་རོལ་གཞི་གཅིག་ཏུ་བྱས་པའི་ཕྱོགས་བསྡུས་རང་བཞིན་ཁྱད་ལྡན་གྲོང་རྡལ་ཆུང་ངུར་བསྐྲུན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།