དབུ་ཤོག>ཞིང་འབྲོག་གསར་པ།
  • ཁ་ཟ་འདོད་ན་། ལག་ལྕག་དོད་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་ཤིས་ཚེ་དབང་།   |     སྤེལ་དུས།  2017-03-24

    378023_yis_1490155983895_s.jpg

    འདི་ནི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཨ་ནུའུ་ཡིས་མང་ཚོགས་ལ་ཡོང་འབབ་བགོ་འགྲེམས་བྱེད་པའི་གནས་ཚུལ་ཡིན་པ།

    ཞོགས་པའི་ཉི་གཞོན་སྟོད་ལུང་གཙང་པོའི་ངོགས་སུ་འཕྲོ་སྐབས་ས་མཐོའི་གྲོང་གསེབ་གསར་པ་འདིར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་སྟོན་དུས་ཀྱི་བསིལ་རླུང་དང་འགྲོགས་ནས་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་བཀྲག་མདངས་ལྷག་པར་འཚེར། གྲོང་ཚོའི་གང་སར་མང་ཚོགས་དང་ཚོང་པ་རྣམས་བྲེལ་བརྩོན་གྱིས་ཡོངས་སུ་ཁེངས་ནས་འདུག སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་མཐོང་དགའ་གྲོང་ཚོའི་མང་ཚོགས་ཀྱི་འཐུས་མི་རྣམས་ལུས་ལ་གཟབ་སྤྲོས་སྤྲས་ཤིང་ལག་ཏུ་བསམ་འཆར་དང་གྲོས་འགོའི་ཡི་གེ་ཁྱེར་ནས་གཅིག་རྗེས་གཉིས་མཐུད་ངང་གྲོང་ཚོ་ཨུ་ལྷན་དུ་དགའ་འཛོམས་ཀྱིས་འདི་ལོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་དངུལ་སྨར་བགོ་འགྲེམས་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་ཞིབ་ཚོགས་འདུར་ཞུགས་པར་བྲེལ།

    ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་གནད་སྨིན་དབུལ་སྒྲོལ་དང་གནད་སྨིན་དབུལ་སྐྱོར་གྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་མང་དག་ཅིག་བཏོན་པ་ནས་བཟུང་། ད་ཆ་གྲོང་ཚོ་དེར་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་ཀུན་གྱི་མཐོང་སྣང་དུ་གྱུར་ཡོད་པ་དཔེར་ན། ཐོག་སོ་གཉིས་ལྡན་གྱི་བདེ་སྡོད་ཁང་གསར་གང་སར་འགྱིང་ངེར་བསླངས་པ་དང་། ཁྱིམ་ཚང་ཚང་མའི་སྒོ་རའི་ནང་དུ་སྒེར་འཁོར་དང་སྐྱེལ་འདྲེན་རླངས་འཁོར་ཡོད་ཅིང་། གྲོང་ཚོར་ཞིང་པའི་དེབ་ཁང་དང་། ཞིང་པའི་ཨར་ལས་རུ་ཁག ལས་ཞོར་འཁྲབ་སྟོན་རུ་ཁག་སོགས་ཡོད་པ་མ་ཟད། ད་དུང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱང་ཡོད་པས། དུད་ཚང་དབུལ་པོ་ཚུད་པའི་མང་ཚོགས་མང་པོར་དེ་ནས་ཕན་པ་མི་ཉུང་བ་ཞིག་ཐོབ་དང་འཐོབ་མུས་སུ་མཆིས།

    གནའ་གྲོང་ལྷ་སའི་ནུབ་སྒོ་ལྟ་བུ་ཡིན་པའི་མཐོང་དགའ་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ནས་མང་ཚོགས་རྣམས་ད་ཆ་ཕྱུག་འགྱུར་ལམ་དུ་གོམ་བཞེངས་ཆེན་པོས་སྐྱོད་བཞིན་ཡོད་པ་མཐོང་སྐབས་ང་ཚོས་གྲོང་ཚོ་དེའི་ཧྲུའུ་ཅི་ཨ་ནུའུ་མ་གླེངས་ཀ་མེད་དུ་གྱུར།

    378024_yis_1490155984846_s.jpg

    འདི་ནི་ཨ་ནུའུ་ཡིས་མང་ཚོགས་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པ།

    སྲིད་ཇུས་བཟང་པོའི་རླུང་ལ་བཞོན།

    ཨ་ནུའུ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་ཡིན་ཞིང་། ཆུང་བྱིས་པའི་དུས་ནས་ལས་ལ་བརྩོན་ཞིང་བྱ་གཞག་གཏོད་སེམས་ཆེ་བ་མ་ཟད། མཐའ་འཁོར་གྱི་བྱ་དངོས་གང་ལའང་ཡ་མཚན་གྱི་བསམ་བློ་དྲག་པོ་དང་ཤེས་འདོད་ཆེན་པོ་ཡོད་པའི་མི་ཞིག་ཡིན་པས། ཏང་གི་སྲིད་ཇུས་བཟང་པོའི་བསིལ་རླུང་གངས་ལྗོངས་ས་མཐོར་ལྡང་བའི་སྐལ་བཟང་རྫོགས་ལྡན་གྱི་དུས་སྐབས་བཟང་པོ་དང་བསྟུན་ནས་ཁོང་གིས་ལྷ་སའི་གང་སར་གླ་པ་བརྒྱུགས་ཏེ་རྩ་ཆེའི་ཉམས་མྱོང་མང་དག་གཅིག་བསགས་ཡོད་ལ། ཁོམ་པ་འབྱུང་རིམ་བཞིན་སློབ་སྦྱོང་ལ་བརྩོན་པ་ཆུ་མོའི་རྒྱུན་བཞིན་བྱེད།

    མི་ཚེའི་འགྲུལ་བཞུད་རིང་མོར་དཀའ་སྡུག་མི་ཉུང་བ་ཞིག་ཕྲད་ཡོད་ནའང་ཅི་ལའང་མི་སྐྲག་ཅིང་སྡུག་རུས་འཁྱོག་པའི་ཁོང་གིས་སྐབས་དེ་དུས་སྐད་གྲགས་དེ་ཙམ་མེད་པའི་བྱ་གཞག་ཐོག་མ་གཏོད་འགོ་བརྩམས། སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་ཞེས་པ་ལྟར། 1989ལོར། ཡོང་འབབ་ཐོག་མ་མི་དམན་པ་ཞིག་བྱུང་བས་གྲོང་ཚོར་སྐད་གྲགས་གང་ཙམ་ཆོད་ཡོད་མོད། འོན་ཀྱང་ཁོང་གིས་གྲུབ་འབྲས་ལ་བློ་ཡིད་ཚིམས་ནས་མ་བསྡད་པར་དངུལ་ཁང་ནས་གྲངས་ཉུང་དངུལ་བུན་གཡར་ཏེ་རླངས་འཁོར་ཆུང་གྲས་ཤིག་ཉོས་རྗེས་སྐྱེལ་འདྲེན་ལས་ལ་གཞོལ།

    གཡུར་ཟའི་འབྲས་བུ་འདི་ནས་སྨིན།

    ལོ་མང་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 2008ལོར་ཁོང་གིས་གྲོང་མི་ཚོ་སྐུལ་སློང་དང་སྦྲགས་མ་དངུལ་གྲབས་གསོག་བྱས་ནས་མཐོང་དགའ་གྲོང་ཚོའི་བྱ་གསོ་ར་བ་བཙུགས་ཤིང་། ཁྲོམ་རར་སྒོ་ང་དུས་ཐོག་ཏུ་འཚོང་མ་ཐུབ་པའི་གནད་དོན་འཕྲད་དུས་དམངས་ཕན་གཟིགས་སྐྱོང་སྲིད་ཇུས་སོགས་ལ་རྒྱུས་མངའ་གང་ཙམ་ཡོད་པའི་ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་གཏུག་ཧུར་ཐག་བྱས་ཏེ་གྲོང་ཚོའི་བྱ་གསོ་ར་བའི་སྒོ་ང་འཚོང་ཐབས་བྱས་པས། གྲོང་ཚོའི་མང་ཚོགས་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱུང་བ་མ་ཟད། དངུལ་སྨར་ཡོང་འབབ་ཀྱང་མི་ཉུང་བ་ཞིག་བྱུང་ཡོད། གཡུར་དུ་ཟ་བའི་གྲུབ་འབྲས་དེ་འདྲ་ཐོབ་ཀྱང་ཁོང་གིས་མུ་མཐུད་དཀའ་སྤྱད་འབད་འབུངས་ལ་བརྟེན་ནས་གོང་རིམ་འབྲེལ་ཡོད་སྡེ་ཚན་ནས་མ་དངུལ་སྒོར་ཁྲི་155བརྩོན་ལེན་ཧུར་ཐག་བྱས་པ་དང་། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་ས་ནས་མ་དངུལ་སྒོར་ཁྲི་122གྲབས་གསོག་བྱས་པ། གྲོང་ཚོའི་མཉམ་སྡེབ་ནས་མ་དངུལ་སྒོར་ཁྲི་430བཏང་སྟེ་གྲོང་ཚོའི་བྱེ་རྡོ་ར་བ་བཙུགས་རྗེས་གྲོང་ཚོའི་སྐྱེལ་འདྲེན་རླངས་འཁོར་སྒྲིག་འཛུགས་བྱས་ཏེ་ཉེ་འཁོར་གྱི་ཨར་སྐྲུན་ཁུལ་དུ་འཛུགས་སྐྲུན་རྒྱུ་ཆ་དབོར་འདྲེན་བྱེད་དུ་བཅུག་པས། ལོ་ལྟར་ཡོང་འབབ་སྒོར་ཁྲི་16ནས་ཁྲི་28བར་ཟིན་ཏེ་གྲོང་ཚོའི་ཁྱིམ་ཚང་མང་པོར་དཔལ་འབྱོར་ཡོང་འབབ་མི་ཉུང་བ་ཞིག་བྱུང་ནས་ཕྱུག་པོའི་ལམ་དུ་བསྐྱོད་པ་རེད།

    378020_yis_1490155981102_s.jpg

    འདི་ནི་ཨ་ནུའུ་ཡིས་གྲོང་ཚོའི་མང་ཚོགས་དབུལ་པོར་སྣུམ་དང་གྲོ་ཞིབ་སོགས་སྤྲོད་བཞིན་པ།

    ཕྱུག་འགྱུར་ལམ་བུ་བདེ་ཞིང་ཡངས།

    གྲོང་ཚོའི་མི་མང་ཆེ་བ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་སྟེ་བདེ་སྐྱིད་འཆམ་མཐུན་གྱི་འཚོ་བར་རོལ་ནས་བསྡད་ཡོད་ནའང་ད་དུང་འཚོ་བར་ཡོང་ཁུངས་དེ་ཙམ་མེད་པའི་མི་ཉུང་ཤས་ཤིག་གིས་ཉིན་ལྟར་ཇ་ཁང་དང་ཆང་ཁང་དུ་སྐྱོབ་གསོ་ལོངས་སུ་སྤྱད་དེ་ཉི་མ་གང་འཁྱོལ་བྱེད་པ་མཐོང་སྐབས། ཁོང་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་འཛུགས་རྒྱུའི་བསམ་བློ་འཁོར། དཀའ་བ་གྲངས་མེད་ཁྱད་དུ་བསད་དེ་ཕྱོགས་གང་ས་ནས་མ་དངུལ་བརྩོན་ལེན་དང་སྦྲགས་གྲོང་མི་ཚོར་སྲིད་ཇུས་སྒྲོག་འགྲེལ་བྱས་མཐར། 2009ལོར་མཐོང་དགའ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དངོས་སུ་བཙུགས་པས་གྲོང་ཚོའི་ས་ཞིང་ཤོར་བ་དང་ས་ཞིང་ཉུང་བའི་མང་ཚོགས་ལ་འཚོ་བའི་ཡོང་ཁུངས་ཡོད་པ་མ་ཟད། གྲོང་ཚོའི་མཉམ་སྡེབ་ཀྱི་གདོས་བཅས་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་སོང་ནས་མཐོང་དགའ་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པ་རེད། འདི་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཞན་ཆ་ཆེ་ཤོས་ཡིན་པས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་བྱས་ཏེ་འདི་ལོ་སླར་ཡང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་དབུལ་སྒྲོལ་བྱས་ནས་མི་ཁྲི་34གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་30%ཡན་མང་དུ་གཏོང་རྒྱུ། གྲོང་ཚོ་དབུལ་པོ་སྤྱི་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འདུ་འགོད་ལག་བསྟར་བྱ་རྒྱུ”སོགས་ཀྱི་སྲིད་ཇུས་བཟང་པོ་མང་དག་ཅིག་བཏོན་ཡོད་པས། 2016ལོའི་ལོ་སྟོད་དུ་མཐོང་དགའ་གྲོང་ཚོས་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་ལྡན་པའི་དུད་ཚང་དབུལ་པོ་20དང་མི་69ཕྱིར་གླ་པར་སྐྱོད་མི་དགོས་པར་སྲིད་གཞུང་དང་གྲོང་ཚོའི་མཉམ་ལས་ཁང་དུ་ལས་ཀ་བཀོད་སྒྲིག་བྱས་པར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་6000ཡན་ཟིན་ཡོད། 2016ལོའི་ལོ་སྨད་དུ་དུད་ཚང་དབུལ་པོ་5ཡི་མི་18དབུལ་པོའི་གནས་ལས་བསྒྲལ་བ་རེད། “དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཚ་ཚ་འུར་འུར་ངང་རྒྱག་པའི་སྐབས་འདིར་ང་ཚོའི་གྲོང་ཚོས་ལོ་ལྟར་དུད་ཚང་11དབུལ་སྒྲོལ་བྱེད་པའི་དམིགས་ཚད་གསལ་པོ་བཏིངས་ཡོད་པས། མི་རིང་བར་ང་ཚོའི་གྲོང་ཚོའི་མང་ཚོགས་དབུལ་པོ་ཚང་མ་ལྗོངས་ཡོངས་ཀྱི་ས་གནས་གཞན་གྱི་སྔོན་དུ་རྦད་དེ་དབུལ་སྒྲོལ་ཐུབ་པའི་ཡིད་ཆེས་ཡོད”ཅེས་མཐོང་དགའ་གྲོང་ཚོའི་ཧྲུའུ་ཅི་ཨ་ནུའུ་ཡིས་བཤད་བྱུང་།

    བདེ་སྐྱིད་འཚོ་བའི་སྦྲང་རྩི་མངར།

    “ཏང་གི་སྲིད་ཇུས་བཟང་པོའི་དྲོ་སྐྱིད་དང་ཐུགས་ཁུར་ཟབ་མོའི་འོག་ད་ཆ་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཙམ་མ་ཟད་མཐོང་དགའ་གྲོང་ཚོའི་མང་ཚོགས་རྣམས་དགའ་སྤྲོ་འཆམ་མཐུན་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་གསར་པར་རོལ་བཞིན་པ་འདི་དག་ཚང་མ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བླ་ན་མེད་པའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། སླད་ཕྱིན་ང་ཚོས་བདེ་སྐྱིད་འཚོ་བར་རོལ་བཞིན་དུ་འབད་འབུངས་ཧུར་ཐག་གིས་མཐོང་དགའ་གྲོང་ཚོ་བདེ་སྐྱིད་དང་། འབྱོར་ཕྱུག ཤེས་དཔལ། མཐུན་སྒྲིལ་བཅས་ལྡན་པའི་ས་མཐོའི་དཔེ་སྟོན་གྲོང་གསེབ་གསར་པ་ཞིག་ཏུ་གཏོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཨ་ནུའུ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད་བྱུང་།

    378022_yis_1490155982959_s.jpg

    འདི་ནི་ཨ་ནུའུ་ཡིས་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་འགྲེམས་པང་ལ་ལྟ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།