ཉེ་བའི་ལོའི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་བ་བྱེད་པའི་སྤྱི་ཡོངས་ཀྱི་གོང་འཕེལ་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས། འདེབས་འཛུགས་དང་། གསོ་ཚགས་ཀྱི་གྲུབ་ཆ་སྔར་བས་ལེགས་སྒྲིག་འཐུས་ཚང་བཟོས་པ་དང་། ཚན་རྩལ་ལ་བརྟེན་ནས་ནུས་ལྡན་དང་གོ་ཆོད་པའི་ངང་དེང་རབས་ཅན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་བ་རེད།
ལོ་འདི་དག་ནང་། ཚན་རྩལ་གོང་འཕེལ་ལ་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བ་དང་། སྲོལ་རྒྱུན་ཞིང་འབྲོག་ལས་དེ་དེང་རབས་ཅན་གྱི་ཞིང་འབྲོག་ལས་ལ་འགྱུར་རྒྱུའི་ཐད་ཉམས་ཞིབ་དང་ཚོད་ལྟ་ཧུར་ཐག་བྱེད་བཞིན་ཡོད་པ་མ་ཟད་བ་གླང་གི་བརྒྱུད་པ་བཟང་དུ་གཏོང་བཞིན་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཧི་ཕིན་ནས་སྤྱི་ལོ ༢༠༡༦ ལོའི་ལོ་མཇུག་བར་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་ལ་ཁྱབ་པའི་བ་གླང་བརྒྱུད་བཟང་ས་ཚིགས ༣༩༦ བསྐྲུན་ཟིན་པ་དང་དུད་ཚང་ཁྲི་ཚོ་བཅུ་དྲུག་དེའི་ནང་ཞུགས་ཡོད་ཅིང་། སྤྱི་ལོ ༢༠༡༦ ལོར་གྲོང་ཁྱེར་དེ་ཡོངས་ཀྱི་བ་གླང་ ༥༣༠༠༠ བརྒྱུད་པ་བཟང་དུ་གཏོང་ཐུབ་པ་དང་ལོ་རེའི་འོ་མའི་ཐོན་ཚད་ཀྲོན་དྲུག་ཁྲི་ལས་བརྒལ་ནས། གྲོང་ཁྱེར་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་འབབ་འཕར་སྒོར ༨༧༠ བྱུང་ཡོད་པས་ལྷོ་ཁ་གྲོང་ཁྱེར་དེ་ཉིད་ལྗོངས་ཡོངས་ཀྱི་བ་གླང་བརྒྱུད་བཟང་ཁུལ་ཆེན་དང་བ་གླང་ཐོན་ལས་གསར་སྤེལ་རྟེན་གཞི་ཅན་དུ་གཏོད་རྒྱུའི་དམིགས་ཚད་རིམ་བཞིན་གྲུབ་ཉེར་ཡོད་ཅེས་གསུངས་པ་རེད།
ཞིང་འབྲོག་ལས་ཚན་རྩལ་གྲུབ་འབྲས་དངོས་བསྒྱུར་བཀོལ་སྤྱོད་དང་། སོན་གསར་དང་ལག་རྩལ་གསར་པའི་དཔེ་སྟོན་ཁྱབ་གདལ་ལས་དོན་རྣམས་མང་ཚོགས་ཚོར་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་རྒྱུའི་སྐུལ་འདེད་གཏོང་བའི་གཞི་རྩ་གྱུར་བ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་གོང་འཕེལ་བཟང་པོ་ཡོང་རྒྱུར་སྐུལ་སྤེལ་གཏོང་བའི་ཐབས་ལམ་དུ་ཡང་གྱུར་ཡོད། ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཧི་ཕིན་གྱིས། ཞིང་འབྲོག་ལས་ཀྱི་ཁྱབ་ཁོངས་གང་སར་ཚན་རྩལ་རིམ་བཞིན་བེད་སྤྱོད་བྱས་པ་དང་བསྟུན་ནས། སྤྱི་ལོ ༢༠༡༧ ལོར་ཞིང་འབྲོག་ལས་ནང་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ ༤༥ ཡན་ཟིན་པ་བྱེད་རྒྱུ་དང་སྤྱི་ལོ ༢༠༢༠ ལོར་བརྒྱ་ཆ ༥༥ ཡན་ཟིན་པ་བྱེད་བརྩིས་ཡོད་ཅེས་གསུངས་པ་རེད།