ཁང་པའི་མཛེས་བཟོ་ལྟ་སྣང་དོད་པའི་བོད་ཟས་ཟ་ཁང་ཞིག་ནང་ཟས་ཀྱི་རོ་བཅུད་མྱོང་བཞིན་པའི་སྐུ་མགྲོན་གྱིས་ཁེངས་པ་དང་། ཐབ་ཚང་ནང་ལོ་ན་གཞོན་པའི་མ་བྱན་མིག་དམར་ཚེ་རིང་རྒྱ་ཁོག་བཟོ་བཞིན་མཆིས།
མིག་དམར་ཚེ་རིང་གིས་རྒྱ་ཁོག་ནང་ཁུ་བ་བླུགས་ཀྱིན་དུ་གསར་འགོད་པར“ལོ་ན་ཆུང་དུས་ནས་ང་རང་ཁ་ལག་བཟོ་རྒྱུར་དགའ་པོ་ཡོད། དེ་སྔོན་ཨ་མ་ལགས་ཀྱི་ཆང་བསྙོལ་སྟངས་དང་ཇ་སྲུབས་མ་བཟོ་སྟངས་ལ་ལྟ་ཡི་ཡོད། ལོ་15ལ་སླེབས་སྐབས་གཅེན་མོས་ང་ཁུན་མིང་གི་ཟ་ཁང་ཞིག་ནང་བོད་ཟས་བཟོ་སྟངས་སྦྱོང་བར་འཁྲིད་བྱུང”ཞེས་བཤད།
ཁུན་མིང་དུ་ལོ་གཅིག་སློབ་སྦྱོང་བྱས་རྗེས། མིག་དམར་ཚེ་རིང་སྔ་རྗེས་སུ་པེ་ཅིང་དང་ཁྲེང་ཏུའུ་སོགས་གྲོང་ཁྱེར་དུ་བོད་ཟས་བཟོ་སྟངས་སྦྱོང་བར་བསྐྱོད། ས་ཁོངས་མི་འདྲ་བའི་བཟའ་བཏུང་རིག་གནས་ལས་མིག་དམར་ཚེ་རིང་གི་མཐོང་རྒྱ་དང་ཐོས་རྒྱ་སྔར་བས་ཆེ་རུ་ཕྱིན། ལོ་མང་རིང་མ་བྱན་གྱི་ལས་གནས་ཐོག་འབད་འབུངས་ཧུར་ལེན་བྱས་པས། ཁོང་གི་ཁ་ལག་བཟོ་རྩལ་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ།
མིག་དམར་ཚེ་རིང་གིས་གསར་འགོད་པར“ས་ཆ་ཞིག་གི་བོད་ཟས་ལ་ཡུལ་དེ་གའི་ཁྱད་ཆོས་ལྡན་ཡོད། སྲོལ་རྒྱུན་གྱི་བོད་ཟས་ལ་དེང་དུས་ཀྱི་རྒྱུ་ཆ་དང་བཟོ་སྟངས་བསྣན་ཚེ། སྐྱེ་བོ་མང་པོས་དང་ལེན་བྱེད་བདེ་བ་མ་ཟད། དགའ་པོའང་བྱེད་ཀྱི་འདུག རྒྱུ་མཚན་དེ་ངས་གྲོང་ཁྱེར་གཞན་ནས་ཤེས་བྱུང”ཞེས་བཤད།
2010ལོར་མིག་དམར་ཚེ་རིང་སྦྱངས་པའི་གནས་ལས་མཐར་ཕྱིན་ནས་ལྷ་སར་ཕྱིར་ལོག་བྱས་པ་དང་འབྲེལ་རང་རྐྱ་འཕེར་བའི་བོད་ཟས་ཀྱི་མ་བྱན་ཆེ་མོ་ཞིག་ཏུ་གྱུར།
ཁོང་ཡོད་སའི་ཟ་ཁང་དེ་འདི་ལོ་སྒོ་ཕྱེ་མ་ཐག་ཡིན་རུང་། ཟླ་བ་འགའ་ཞིག་ནང་སྐད་གྲགས་ཅུང་ཆོད་ཁར། སྐུ་མགྲོན་ཡང་རྒྱུན་ཆད་རྒྱུ་མེད། མིག་དམར་ཚེ་རིང་གིས་དེ་ནི་སྲོལ་རྒྱུན་གྱི་བྲོ་བར་འགྱུར་བ་མ་གཏང་བའི་རྨང་གཞིའི་ཐོག་རྙིང་འབུད་གསར་བརྗེ་བྱས་པས་རེད་སྙམ།
ཟ་ཁང་འདིའི་ཁྱད་ཆོས་ཆེ་ཤོས་ཀྱི་རྒྱ་ཁོག་ལ་མ་བྱན་མིག་དམར་ཚེ་རིང་གི་བསམ་བཀོད་གསར་པ་དུ་མ་འདྲེས་ཡོད། ཁོང་ཚོས་རྒྱ་ཁོག་ཁུ་བ་དང་ཚལ་རིགས་ཐོག་ནང་སའི་རྒྱ་ཁོག་བཟོ་སྟངས་དང་ལེན་བྱས་པ་མ་ཟད། ད་དུང་རང་མི་རིགས་ཀྱི་ཁྱད་ཆོས་དོར་མེད། དེར་བརྟེན་ཁོང་ཚོའི་རྒྱ་ཁོག་ལ་ཡུལ་དེ་གའི་མི་དང་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། གཞན་ཡང་། བཀྲ་ཤིས་རྟགས་བརྒྱད་དང་གྲོ་མའི་ཕི་ས་སོགས་ཀྱང་ཟ་ཁང་དེའི་ཁྱད་ལྡན་ཚལ་ཡིན།
ད་ལྟ་མིག་དམར་ཚེ་རིང་ཐག་རིང་དུ་ཁ་ལག་བཟོ་རྩལ་སྦྱོང་བར་འགྲོ་གི་མེད་རུང་། ཁོང་གིས་དུས་རྟག་ཏུ་སྐུ་མགྲོན་གྱི་བསམ་འཆར་དང་གྲོས་འགོ་སྒམ་བརླིང་གིས་ཉན་པ་མ་ཟད། དྲ་རྒྱའི་ཐོག་མུ་མཐུད་སློབ་སྦྱོང་བྱེད་ཀྱི་ཡོད། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་བརྒྱུད་བོད་ཟས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་པའི་འདུན་པ་འཆང་མུས་ལགས།