དབུ་ཤོག>ཞིང་འབྲོག་གསར་པ།
  • ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱིས་། ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏོད་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-06

    “ངས་ས་ཞིང་ཁེ་ལས་ལ་བོགས་མར་བཏང་ནས་རང་ཉིད་ཁེ་ལས་ནང་ལས་ཀ་བྱས་ཏེ་ལོ་གསུམ་ཕྱིན་སོང་། ད་ཆ་ཟླ་རེར་གླ་ཕོགས་སྒོར་2500ལེན་རྒྱུ་ཡོད་པའི་ཁར། ད་དུང་ལོ་རེར་ས་ཞིང་གི་བོགས་དངུལ་ལེན་རྒྱུ་ཡོད་པས། ང་ཚོའི་ཁྱིམ་ཚང་ཡང་ཕྱུག་པོར་བརྩི་ཆོག”ཅེས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོའི་ཚེ་རིང་ཆོས་སྐྱིད་ཀྱི་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་གསར་འགོད་པར་རང་ཉིད་ཀྱི་བདེ་སྐྱིད་འཚོ་བའི་སྐོར་བཤད་བྱུང་།

    འཇང་གྲོང་ཚོར་ཚེ་རིང་ཆོས་སྐྱིད་འདྲ་བའི་གྲོང་མི་ད་དུང་མང་པོ་ཡོད་ཅིང་། ཁོང་ཚོའི་འབྱོར་ཕྱུག་གི་འཚོ་བ་ཡང་སྨར་ཁམས་རྫོང་གི་ཁྱད་ལྡན་ཐོན་ལས་ལ་འཕེལ་རྒྱས་ཤུགས་ཆེན་བཏང་བ་ལས་བྱུང་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། སྨར་ཁམས་རྫོང་གིས“ཁྱད་ལྡན་ཞིང་འབྲོག་ལས་ལ་བརྟེན་ནས་རྫོང་འཛུགས་པ་དང་། གཏེར་ཐོན་དང་ཆུ་གློག་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བ། སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་རྫོང་ཕྱུག་འགྱུར་ཡོང་བ་བྱེད་པ། རིག་གནས་སློབ་གསོར་བརྟེན་ནས་རྫོང་དར་རྒྱས་གཏོང་བ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་། ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་འཛུགས་པ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རྒུན་འབྲུམ་དང་། སུར་པན། སྒོག་པ། ཁམས་པའི་ཚ་ལུ་མ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཤུགས་ཆེར་བཏང་ཁར། ས་ཁོངས་ཀྱི་ལེགས་ཆ་ལྡན་པ་དང་འགྲན་རྩོད་ཀྱི་ནུས་པ་ཆེ་བའི་ཁྱད་ལྡན་ཐོན་ལས་ཁག་གཅིག་བཏོད་པས། ཞིང་འབྲོག་ལས་ལ་ཐོན་འཕར་དང་། ཞིང་འབྲོག་པར་འབབ་འཕར། གྲོང་གསེབ་ཀྱི་དཔལ་འབྱོར་ཁྱོན་ཡོངས་ནས་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    ཁྱད་ལྡན་ཞིང་འབྲོག་ལས་ཁྱབ་གདལ་གཏོང་ཚད་རྒྱ་ཆེར་གཏོང་ཕྱིར། སྨར་ཁམས་རྫོང་གིས་འཇང་མི་རིགས་ཤང་དང་། རྨོག་ཤོད་ཤང་། ཆུ་ཚན་ཁ་ཤང་བཅས་སུ་རྒུན་འབྲུམ་མུའུ་3950བཏབ་ནས་ཞིང་དུད་1200སྣེ་ཁྲིད་བྱས་པ་དང་། ཟུར་སྡེ་ཤོད་ཤང་དུ་སུར་པན་མུའུ་1500འདེབས་འཛུགས་བྱས་ནས་ཞིང་དུད་656ལ་སྣེ་ཁྲིད་བྱས་པ། ཆུ་ཚན་ཁ་ཤང་དུ་གཡེར་མ་མུའུ་300བཏབ་ནས་ཞིང་དུད་180སྣེ་ཁྲིད་བྱས་པ། བྱིས་གྲོངས་ཤང་དུ་གཙང་གསུམ་ཁམས་པའི་སྒོག་པ་མུའུ་400བཏབ་ནས་ཞིང་དུད་116དང་མི་800ལ་ཁེ་ཕན་ཐོབ་པ་དང་། མིག་སྔར་སྒོག་རིལ་སྤྱི་རྒྱ་750དང་སྒོག་རྐང་སྤྱི་རྒྱ་1000བྱུང་ནས་མུའུ་རེ་ནས་ཁེ་གཙང་སྒོར་7700ཟིན་ཏེ་ལོར་ཐོན་འབབ་སྒོར་ཁྲི་308ཟིན་ཁར། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.65དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་3850ཟིན་ཡོད་པ་རེད།

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་སྟངས་སྐོར་གྱི་བསམ་ཕྱོགས་གླེང་སྐབས། སྨར་ཁམས་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་རིག་འཛིན་མགོན་པོས“འདི་ལོ་རང་རྫོང་གི་ལྷོ་རྒྱུད་ཀྱི་ཤང་གསུམ་དང་དེ་མིན་གྱི་ཤང་གྲོང་འགར་ཁམས་པའི་ཚ་ལུ་མ་དང་རྒུན་འབྲུམ་སོགས་ཁྱད་ལྡན་སྐྱེ་དངོས་བཏབ་པ་དང་། ཐོན་ལས་དབུལ་སྐྱོར་གྱི་ལས་དོན་སྤེལ་བ་བརྒྱུད། རང་རྫོང་གི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དང་མི་སེར་གྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཤོད་ཀྱི་འདུག

    ཟུར་སྡེ་ཤོད་ཤང་གི་གྲོང་མི་ཡེ་ཤེས་ཀྱིས“ད་ལོ་སུར་པན་གྱི་ཐོན་འབབ་ཡག་པོ་འདུག དེ་དག་སྔ་ས་ནས་མངགས་ཉོ་བྱས་ཟིན་སོང་བས་ང་ཚོས་བཀོག་རྗེས་ལེན་པར་ཡོང་གི་རེད། དེར་བརྟེན་སུར་པན་བཙོང་མ་ཐུབ་པའི་སེམས་ཁྲལ་ཅི་ཡང་མེད་པར་བཏབ་ཐུབ་ན་འགྲིག་པས་བློ་བདེ་པོ་འདུག”ཅེས་གསར་འགོད་པར་བཤད་བྱུང་།

    ཐོན་ཟོག་ལས་སྣོན་ནི་ཐོན་ལས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་ཞིང་། སྣེ་འདྲེན་ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་ཧུར་ཐག་བྱེད་ཕྱིར། སྨར་ཁམས་རྫོང་གིས་རྒུན་འབྲུམ་དང་སུར་པན་འདེབས་འཛུགས་མཐུན་ཚོགས་བཙུགས་ཏེ་ཞིང་འབྲོག་པའི་འདེབས་འཛུགས་དུད་ཚང་གིས“ཀུང་སི་དང་ཞིང་དུད། རྟེན་གཞི”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་ལམ་བུར་བསྐྱོད་རྒྱུའི་ཁྲིད་སྟོན་བྱས་ཁར། རྒུན་འབྲུམ་དང་སུར་པན་འདེབས་འཛུགས་དུད་ཚང་གིས་བོད་ལྗོངས་བོད་ཤར་གཅེས་ནོར་ཨ་རག་ཚད་ཡོད་ཀུང་སི་དང་སྨར་ཁམས་རྫོང་ལྗང་མདོག་བཟའ་བཅའ་ཀུང་སི་སོགས་སྣེ་འདྲེན་ཁེ་ལས་དང་ཁག་སོ་སོར་ཐོན་སྐྱེད་དང་ཕྱིར་ཚོང་གི་གན་རྒྱ་འཇོག་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཏེ“ཐོན་སྐྱེད་དང་ཕྱིར་ཚོང་། ཉོ་སྒྲུབ”བཅས་ཀྱི་ཕུགས་འཕེར་ལམ་སྲོལ་ཆགས་པ་རེད། བྱ་ཐབས་འདིས་འདེབས་འཛུགས་དུད་ཚང་གི་རྒུན་འབྲུམ་དང་སུར་པན་སོགས་ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་སེམས་ཁྲལ་སེལ་བ་རེད། དེ་དང་དུས་མཚུངས་མ་བཅོས་རྒྱུ་ཆ་ཕྱིར་ཚོང་ལྷུ་ཚིགས་ཉུང་དུ་བཏང་བ་དང་། ཡུལ་དེ་རང་གི་ཉོ་སྒྲུབ་རིན་གོང་མཐོ་རུ་བཏང་བ། ཟུར་སྣོན་རིན་ཐང་མཐོ་རུ་བཏང་བ། ཐོན་ལས་ཧྲིལ་པོའི་འབྲེལ་ཐག་ཚད་ལྡན་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བཅས་བྱས་པ་རེད།

    གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། སྨར་ཁམས་རྫོང་གིས་ཐོན་ལས་གཞི་ཁྱོན་ཆེ་རུ་དང་ལས་ཆོད་སྤུས་ཚད་མཐོ་རུ་བཏང་སྟེ་2016ལོར་ལྷོ་རྒྱུད་ཀྱི་ཤང་3དང་། བྱིས་གྲོངས། རོང་མེ། གྲུ་པ་རོང་། ཟུར་སྡེ་ཤོད་སོགས་ཀྱི་ཤང་གྲོང་དུ་ས་རྒོད་སློག་ནས་ཁམས་པའི་ཚ་ལུ་མ་སྡོང་རྐང་54000འདེབས་འཛུགས་བྱས་པའི་ནང་ཡུག་འབྲེལ་འདེབས་འཛུགས་མུའུ་213དང་ཁ་ཐོར་འདེབས་འཛུགས་མུའུ་412.85བྱས་ཤིང་། རྣམ་གྲངས་དེ་དག་གིས་སྨར་ཁམས་རྫོང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་སྒུལ་ཤུགས་གསར་པ་ཆེན་པོ་ཞིག་བསྣན་ཡོད་ལ། “གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་དང་ཤང་གཅིག་དང་ཁྱད་ལྡན་གཅིག”ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུར་རྨང་གཞི་བཟང་པོ་ཞིག་ཀྱང་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།