དབུ་ཤོག>ཞིང་འབྲོག་གསར་པ།
  • གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-28

    མི་འབོར་ཁྲི་78ཡོད་པའི་གཞིས་རྩེ་ནི་རང་ལྗོངས་ཀྱི་མི་འབོར་མང་བའི་གྲོང་ཁྱེར་ཆེ་གྲས་ཤིག་ཡིན་ལ། ལྗོངས་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་ས་ཁུལ་གསུམ་གྱི་གྲས་ཤིག་ཀྱང་ཡིན།

    གཞིས་རྩེ་གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་དུད་ཚང་དབུལ་པོ་ཁྲི་4.24ཡི་མི་ཁྲི་16.69ལ་གཱ་དང་ཡིག་ཚགས་བཟོས་པ་དེས་གཞིས་རྩེ་གྲོང་ཁྱེར་མི་འབོར་གྱི་26%བཟུང་བ་དང་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོའི་29%བཟུང་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་གཙོ་གནད་རྫོང་11དང་། གཙོ་གནད་ཤང་གྲོང་དབུལ་པོ་68 གཙོ་གནད་གྲོང་ཚོ་དབུལ་པོ་391བཅས་གཏན་འཁེལ་བྱས་པ་དེ་དག་ཞིང་ཁུལ་དང་། འབྲོག་ཁུལ། ས་མ་འབྲོག མཐའ་མཚམས་ས་ཁུལ་བཅས་སུ་ཁྱབ་པས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས།

    གོང་གསལ་གྱི་གྲངས་གཞི་དེ་དག་ལས་གཞིས་རྩེ་གྲོང་ཁྱེར་གྱི་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་དཀའ་ཚེགས་རང་བཞིན་མངོན་ཡོད། སྟོབས་ཤུགས་གཅིག་སྒྲིལ་གྱིས་རེས་སྐོར་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་དང་2020ལོར་སླེབས་སྐབས་མི་འབོར་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོའི་དབུལ་ཞྭ་ཕུད་ཐུབ་པ་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱིས“ཁག་གཅིག་བྱས་པ་དགུའི”གཙོ་གནད་ལས་དོན་གྱི་ལས་འགན་ལ་དམ་པོར་དམིགས་པ་དང་ལྗོངས་ཡོངས་ཀྱི་བླང་བྱ་ནན་ཏན་གཞིར་བཟུང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་དུས་མཚུངས་ཡུལ་བབ་དང་བསྟུན་པ་དང་། བྱ་བའི་བབ་དང་བསྟུན་པ། དུས་བབ་དང་བསྟུན་པ་བཅས་བྱས་ཏེ་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ལ་གྲུབ་འབྲས་རགས་ཙམ་ཐོབ་ཡོད།

    ཕྱོགས་ཡོངས་ནས་སྐུལ་སློང་བྱས་ཏེ་གནད་སྨིན་རོགས་སྐྱོར་བྱས་པ།

    གཞིས་རྩེ་གྲོང་ཁྱེར་དང་དེ་བཞིན་རྫོང་ཁག་གིས་གནད་སྨིན་དབུལ་སྐྱོར་ལས་དོན་ནང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་རོགས་སྐྱོར་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གནད་སྨིན་དབུལ་སྐྱོར་འགག་སྒྲོལ་གྱི་ལས་དོན་ཁྲོད་ཞུགས་རྒྱུར་སྐུལ་སློང་བྱས་ཡོད།

     འདི་ལོའི་ཟླ་5པར། གྲོ་མོ་རྫོང་གིས་མང་ཚོགས་དབུལ་པོའི་རོགས་སྐྱོབ་ཐེབས་རྩ་བཙུགས་པ་དེ་སློབ་མ་དབུལ་པོའི་རོགས་སྐྱོར་རེ་ཞུའི་ཐེབས་རྩ་དང་། དམིགས་བསལ་ནད་རིགས་ཀྱི་རོགས་སྐྱོར་རེ་ཞུའི་ཐེབས་རྩ། དམིགས་བསལ་གནས་ཚུལ་གྱི་རོགས་སྐྱོར་རེ་ཞུའི་ཐེབས་རྩ་བཅས་གསུམ་ལས་གྲུབ་ཡོད། ཐེབས་རྩའི་མ་དངུལ་ནི་གྲོ་མོ་རྫོང་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་100དང་ཧྲང་ཧའེ་བོད་སྐྱོར་གྱིས་ལོ་ལྟར་སྒོར་ཁྲི་50བཏང་བ་དང་། རྫོང་རིམ་པའི་ལས་བྱེད་པ་རེས་ལོ་ལྟར་སྒོར་1000དང་། ཁོའོ་རིམ་པའི་ལས་བྱེད་པ་རེས་ལོ་ལྟར་སྒོར་500 ལས་བྱེད་པ་དཀྱུས་མ་རེས་ལོ་ལྟར་སྒོར་300བཅས་ཞལ་འདེབས་བརྒྱབ་པ་ཞིག་ཡིན། གཞན་ཡང་ད་དུང་བོད་སྡོད་དཔུང་སྡེ་དང་ཀྲུང་དབྱང་དང་། ཆུས། གྲོང་ཁྱེར་བཅས་ཀྱི་ཐད་གཏོགས་སྡེ་ཚན་ཁག་དང་དེ་བཞིན་ཁེ་ལས་དང་བྱ་གཞག་ཚན་པ། ཚོགས་པ། ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པ་བཅས་ཀྱིས་རང་འགུལ་ངང་ཞལ་འདེབས་རྒྱག་རྒྱུའི་སྐུལ་སློང་བྱས་པ་རེད། མིག་སྔར་ཐེབས་རྩར་སྒོར་ཁྲི་200ཙམ་ཟིན་ཡོད།

    གལ་ཏེ་ཞིང་འབྲོག་མང་ཚོགས་ལ་ནད་ལྕི་ཕོག་པ་དང་། སློབ་ཡོན་སྤྲོད་མི་ཐུབ་པ། དེ་བཞིན་བསམ་ཡུལ་ལས་འདས་པའི་བྱུར་ཉེས་རྐྱེན་པས་རོགས་སྐྱོབ་བྱེད་དགོས་ཚེ་ཐེབས་རྩ་དེས་འཕྲལ་དུ་རོགས་སྐྱོར་བྱེད་སྲིད། རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་ནད་ཆེན་ཁ་གསབ་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་གྲོ་མོ་རྫོང་གི་ཞིང་འབྲོག་མང་ཚོགས་དབུལ་པོར་ནད་ལྕི་ཕོག་པའི་རྐྱེན་གྱིས་རོགས་སྐྱོབ་བྱེད་དགོས་རིགས། ཐེབས་རྩ་དེས་ལོ་གཅིག་ནང་མཐོ་ཤོས་ལ་སྒོར་ཁྲི་3གྱི་སྨན་རིན་སྤྲོད་རོགས་བྱེད་ཀྱི་ཡོད།

    ཐོན་ལས་སྣེ་ཁྲིད་བྱས་པས་མི་སེར་ལ་ཕན་པ་ཐོབ་པ།

    དཔལ་འབྱོར་ཐད་ཀྱི་དབུལ་པོ་ལས་རྦད་དེ་སྒྲོལ་དགོས་ཚེ། ཐོན་ལས་ལ་བརྟེན་དགོས། གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་ཁུལ་དང་འབྲོག་ཁུལ་དང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་འཕེལ་རྒྱས་ཧེ་བག་ཆེ་བའི་ཕན་མེད་རྒྱུ་རྐྱེན་དེ་ཕན་ཡོད་རྒྱུ་རྐྱེན་དུ་བསྒྱུར་བ་དང་དབུལ་པོར་གྱུར་བའི་རྒྱུ་རྐྱེན་རིགས་15ལ་དབྱེ་ནས་རང་སྐྱོང་ལྗོངས་ཀྱི“ཁག་གཅིག་བྱས་པ་བརྒྱད”ཀྱི་རྨང་གཞིའི་ཐོག“ཁག་གཅིག་བྱས་པ་བཅུའི”གནད་སྨིན་རོགས་སྐྱོར་གྱི་བྱེད་ཐབས་བཏོན་ཡོད། གྲོང་ཁྱེར་དེའི་འགན་ནུས་སྡེ་ཚན་ཁག་གིས་མཉམ་འགུལ་བྱས་པ་དང་གནད་དོན་མི་འདྲ་བ་བབ་མཚུངས་ཀྱི་འགན་ནུས་སྡེ་ཚན་ལ་རྩིས་སྤྲད་དེ་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་འཇུར་མིག་ལས་རྒྱུན་ཆད་མེད་པར་སྒྲོལ་ཡོད།

    པ་སྣམ་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་སྐལ་བཟང་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། པ་སྣམ་རྫོང་དུ་མི་ཁྲི་4.8ཡོད་པའི་ནང་དུད་ཚང་དབུལ་པོ་1946ཡི་མི་9237ཡོད་པ་དེ་དག་མང་ཆེ་བ་ལྷོ་ནུབ་རྒྱུད་ཀྱི་ལུང་ཤུར་དུ་གནས་ཡོད་པས་ཆུ་དང་ཐོན་ཁུངས་ཧ་ཅང་གིས་དཀོན་པོ་ཡོད། ལུང་ཤུར་གྱི་མང་ཚོགས་དབུལ་པོ་རྣམས་དབུལ་སྒྲོལ་ཐུབ་ཆེད། པ་སྣམ་རྫོང་གིས་མྱང་ཆུའི་རྒྱུད་ཀྱི་འདེབས་འཛུགས་དང་། གསོ་ཚགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྐྱོར་མ་དངུལ་དང་སྐྱེད་གསབ་དངུལ་བུན་བཏང་ནས་མ་རྐང་འཇོག་ཏུ་བཅུག་པའི་བྱེད་ཐབས་ཐོག་ནས་དབུལ་སྒྲོལ་ཐུབ་པ་བྱས་ཡོད། དཔེར་ན། བཀྲ་ཤར་ཤང་དང་དགའ་སྡོང་གྲོང་རྡལ་གྱི་གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོ་44དང་18སོ་སོའི་མང་ཚོགས་ལ་ཐོན་ལས་སྣེ་ཁྲིད་ལས་ཕན་པ་ཐོབ་ཡོད།

    ཞིང་ཁུལ་གྱིས་འབྲོག་ཁུལ་གྱི་སྣེ་ཁྲིད་པ་དང་། ཤར་རྒྱུད་ཀྱིས་ནུབ་རྒྱུད་ཀྱི་སྣེ་ཁྲིད་པ། ཕྱུག་པོས་དབུལ་པོའི་སྣེ་ཁྲིད་ཡོད། ཐོན་ལས་སྣེ་ཁྲིད་ཀྱི་ཕན་པ་ཐོབ་མཁན་པ་སྣམ་རྫོང་གི་མང་ཚོགས་གཅིག་པུ་མིན་པར། པ་སྣམ་རྫོང་དབང་ཟླ་བཟའ་བཅའ་ཚད་ཡོད་ཀུང་སིར། ངམ་རིང་རྫོང་ཆུ་འོག་ཤང་གི་ལོ་24ལོ་སླེབས་པའི་གཞོན་ནུ་ཟླ་བ་བཟང་པོས་གསར་འགོད་པར“དེ་སྔ་ཆུ་ཤུར་རྫོང་གི་བཟོ་གྲྭའི་ནང་ལས་ཀ་བྱེད་སྐབས་ཟླ་རེར་གླ་ཆ་སྒོར་2500ལས་མེད། ད་ཆ་དེར་ལས་ཀ་བྱེད་ཀྱི་ཡོད་པས་ནང་དང་ཐག་ཉེ་པོ་ཡོད་པ་མ་ཟད། ཟླ་རེའི་གླ་ཆ་སྒོར་1000ལྷག་ཙམ་གྱིས་མང་དུ་ཕྱིན་ཡོད”ཅེས་བཤད།

    ཐོན་ལས་སྣེ་ཁྲིད་དང་། ཡུལ་གཞན་དུ་གནས་སྤོ། གེགས་རྗེས་བསྐྱར་སྐྲུན་བཅས་ཀྱིས་མང་ཚོགས་ལ་དབུལ་སྒྲོལ་བྱེད་རོགས་བྱེད་པ་ཕུད། གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་དབུལ་སྐྱོར་བྱེད་སའི་དངོས་ཡོད་གནས་ཚུལ་གཞིར་བཟུང། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དངུལ་རྩའི་ཡིད་རྟོན་དངུལ་བུན་དང་། སློབ་གསོ་འཕེལ་རྒྱས། སྨན་བཅོས་རོགས་སྐྱོབ། སྤྱི་ཚོགས་འགན་སྲུང་གི་མཐིལ་འདེགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆུང་གྲས། སྣོད་བཅུད་ཁ་གསབ་དབུལ་སྐྱོར་སོགས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤེལ་ནས་མང་ཚོགས་སྔ་ཙམ་དབུལ་སྒྲོལ་བྱེད་རོགས་བྱས་ཡོད།

    སྣོད་བཅུད་དབུལ་སྐྱོར་རྒྱུན་མཐུད་ངང་འཕེལ་རྒྱས་བཏང་བ།

    རི་སྔོ་ཆུ་དྭངས་ནི་ཉོ་ཐབས་བྲལ་བའི་གཅེས་ནོར་ཡིན། མང་ཚོགས་དབུལ་པོ་སྣོད་བཅུད་སྲུང་སྐྱོང་གི་བརྒྱུད་རིམ་དང་སྣོད་བཅུད་སྲུང་སྐྱོང་གི་འབྲས་བུ་ལོངས་སུ་སྤྱོད་དུ་བཅུག་པ་དང་འབྲེལ་དེའི་ཁྲོད་ནས་དབུལ་སྒྲོལ་ཕྱུག་འགྱུར་ནི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་དོན་དངོས་ལས་ར་འཕྲོད་བྱས་ཡོད། རྣམ་གླིང་རྫོང་གི་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ་ནི་མང་ཚོགས་དབུལ་པོར་སྣོད་བཅུད་སྲུང་སྐྱོང་བྱེད་རིང་ཕན་པ་ཐོབ་པའི་དཔེ་མཚོན་ཞིག་རེད།

    ནགས་སྲུང་བ་བྱས་ནས་དངོས་གྲུབ་ལ་ཟླ་རེར་གླ་ཆ་སྒོར་1300རག་གི་ཡོད་པ་དང་དེའི་ཁྲོད་ཀྱི་སྒོར་500ནི་ལས་རྗེས་གླ་ཆ་རེད། དེ་ཕུད་ད་དུང་ཤིང་འཛུགས་ནང་ཞུགས་ཚེ་ཉིན་ལྟར་སྒོར་120ནས་150བར་གྱི་ཡོང་འབབ་རག་གི་ཡོད། ཤིང་འཛུགས་ནམ་དུས་འཆར་སྐབས་ཨེ་མ་དང་། མདོ་བརྗོད། མཁར་རྩེ་བཅས་ཤང་གི་གྲོང་ཚོ་ཁག་གི་མང་ཚོགས་དེ་གར་ཤིང་འཛུགས་པར་ཡོང་གི་ཡོད་པས་ཡོང་འབབ་རག་པ་མ་ཟད། ས་གནས་དེ་གའི་སྣོད་བཅུད་ལེགས་བཅོས་ཁྲོད་ཕན་པ་ཐོབ་ཡོད་ཅེས་དངོས་གྲུབ་ཀྱིས་བཤད་པ་རེད།

    རྣམ་གླིང་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཀྲེན་ཁྲུན་གྱིས་རྣམ་གླིང་རྫོང་ཧྲིལ་པོར་ནགས་སྲུང་བ་801ཡོད་པ་དང་ཚང་མ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་བྱེད་ཀྱི་ཡོད། མིག་སྔར་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་མུའུ་ཁྲི་4.8ཟིན་པའི་སྣོད་བཅུད་དཔེ་སྟོན་ཁུལ་བསྐྲུན་ཡོད། ད་ལྟ་ཁྱེད་ཀྱིས་མཐོང་བ་ནི་ནགས་ཁུལ་གྱི་ནུབ་ངོས་ཁོ་ན་ཡིན། འདི་ཁོ་ནར་ནགས་སྲུང་བ་30ལྷག་ཙམ་གྱིས་ཉིན་མཚན་མེད་པར་བདག་སྐྱོང་བྱེད་ཀྱི་ཡོད་ཅེས་གསར་འགོད་པས་བཤད་བྱུང་།

    རྣམ་གླིང་རྫོང་གིས་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་ཐོན་ལས་ཁྲོད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕན་པ་ཐོབ་ཏུ་བཅུག་པ་ལྟར་གྲོ་མོ་རྫོང་གིས་ཀྱང་ལོ་མང་སྲུང་སྐྱོང་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཉ་ཀུའེ་ཡུས་ཐོག་མར་སྲུང་སྐྱོང་འཕེལ་རྒྱས་ཁོ་ན་བྱེད་པ་ནས་སྲུང་སྐྱོང་དང་གསར་སྤེལ་གལ་ཆེ་མཉམ་དུ་འཛིན་རྒྱུ་ཤེས་པ་དང་འབྲེལ་དཀའ་ངལ་ཡོད་པའི་མང་ཚོགས་ཚོས་གསར་སྤེལ་བྱེད་རིང་ཁྲོམ་རར་ཞུགས་རྒྱུ་ཤེས་ནས་ཕྱུག་འགྱུར་ལམ་བུ་རྙེད་པ་རེད།

    ཉ་ཀུའེ་ཡུས་ཀྱི་གསོ་ཚགས་རྣམ་གྲངས་ལས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕན་པ་ཐོབ་ཡོད། ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་མཉམ་ལས་འགག་སྒྲོལ་བྱས་རྗེས་གྲོ་མོ་རྫོང་གིས་གཞི་ཁྱོན་ཆེན་པོས་ཉ་ཕྲུག་གསོ་བཞིན་ཡོད། སྤྱི་ཚོགས་འགན་སྲུང་གིས་མཐའ་སྐྱོང་བྱས་པ་ཕུད། གྲོང་མོ་རྫོང་གི་ཤང་གྲོང་6གི་དཀའ་ངལ་ཡོད་པའི་དུད་ཚང་642ཀྱི་མང་ཚོགས་2232ཀྱིས་ཉ་ཀུའེ་ཡུས་ཐོན་ལས་ནང་ཐད་ཀར་རམ་ཞོར་དུ་ཞུགས་པ་རེད།

    གནད་སྨིན་དབུལ་སྐྱོར་ནི་ལེ་ལག་ཚང་བའི་འདུ་འགོད་ཆེན་པོ་ཞིག་ཡིན་པས། དཀའ་བ་དུ་མ་ཁྱད་དུ་མ་བསད་ཚེ་བྱ་བ་གཅིག་ཀྱང་ལེགས་འགྲུབ་ཡོང་བར་དཀའ། ལྗོངས་ཡོངས་ཀྱི་མི་འབོར་མང་བའི་གྲོང་ཁྱེར་ཆེ་ཤོས་དང་དབུལ་པོའི་གྲོང་ཁྱེར་ཆེ་ཤོས་ཡིན་པའི་ངོས་ནས་གཞིས་རྩེ་བ་རྣམས་ཀྱིས་དཀའ་བ་ཁྱད་བསད་དང་བྱས་རྗེས་འཇོག་ཐུབ་པ་བྱས་ཏེ་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུར་འགྱུར་དངོས་འབྲེལ་ཐུབ་པ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།