ཤེས་རྟོགས་བྱུང་བར་གཞིགས་ན། རྫ་ཡུལ་རྫོང་གིས་ལོ་6གོང་ནས་ཁམ་བུ་སྨི་ཧོའུ་འདེབས་འཛུགས་བྱེད་འགོ་ཚུགས་ཡོད། ཤག་གཉིས་གྲོང་ཚོ་དང་སྤྱི་གཏོང་གྲོང་ཚོ་གཉིས་ལ་འདེབས་འཛུགས་ཀྱི་གཞི་ཁྱོན་མུའུ་300ལ་ཉེ་བ་ཙམ་ཡོད་པ་དང་། ས་གནས་དེ་གའི་ཞིང་འབྲོག་ལས་ཀྱི་གསར་དར་ཁྱད་ལྡན་ཐོན་ལས་ཞིག་ཏུ་གྱུར་ཡོད། “ང་ཚོའི་འདིར་འདེབས་འཛུགས་བྱེད་པའི་ཁམ་བུ་སྨི་ཧོའུ་ཡི་རིགས་རྒྱུད་ནི་ནེའུ་ཙི་ལན་ནས་ནང་འདྲེན་བྱས་པ་རེད།” རྫ་ཡུལ་རྫོང་ཞིང་འབྲོག་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྱོད་བྱས་པར།
ཁམ་བུ་སྨི་ཧོའུ་འདེབས་འཛུགས་ལག་རྩལ་མི་སྣ་ཀྲན་ཐན་ཕུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་པར། “ཐོག་མར་འདེབས་འཛུགས་བྱེད་སྐབས་འཁྱོག་ལམ་མང་པོ་བརྒྱུད་མྱོང་། རིགས་རྒྱུད་མི་འདྲ་བའི་མེ་ཏོག་བཞད་ཡུན་མི་འདྲ་ཞིང་། འདེབས་འཛུགས་ཀྱི་དུས་ཚིགས་ཡག་ཤོས་ཤོར་སྲིད་། ད་དུང་ཇི་ལྟར་བྱས་ནས་འབུའི་གནོད་འཚེ་འགོག་བཅོས་བྱེད་རྒྱུ་སོགས་མི་ཤེས། སྟབས་ལེགས་པ་ཞིག་ལ་ལོ་མང་པོའི་རིང་རྟོག་ཞིབ་བྱས་པ་བརྒྱུད། ལག་རྩལ་དེ་དག་རིམ་བཞིན་བྱང་ཆུབ་པར་གྱུར་ཟིན།”
ཤེས་རྟོགས་བྱུང་བར་གཞིགས་ན། ཁམ་བུ་སྨི་ཧོའུ་མ་མཐའ་ཡང་ལོ་3ནས་འབྲས་བུ་སྨིན་གྱི་ཡོད། “2014ལོ་ནས་འབྲས་བུ་སྨིན་ཡོད་པ་དང་། ན་ནིང་ང་ཚོས་ཚོད་ལྟ་བྱས་ནས་ཕྱིར་འཚོང་བྱས་ཡོད། ཡིན་ཡང་ཁྲོམ་རའི་ཐོག་ཕྱིར་འཚོང་གི་གྲངས་ཚད་ཧ་ཅང་ཉུང་ཉུང་རེད། ” ཀྲན་ཐན་ཕུ་ཡིས་བཤད་པར། “གཙོ་བོ་ནི་རྫ་ཡུལ་ལ་བཙོང་ཡོད། རྒྱུ་མཚན་ནི་ཐོན་ཚད་རྒྱ་མ་ཁྲི་2ལས་མེད་པས་ཐོན་ཚད་མཐོ་པོ་མེད། དེར་བརྟེན། ས་གནས་གཞན་གྱི་ཁྲོམ་རའི་དགོས་མཁོ་སྐོང་ཐབས་བྲལ།”
གསར་འགོད་པས་རྫ་ཡུལ་རྫོང་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱས་པར། འདེབས་འཛུགས་ལག་རྩལ་བྱང་ཆུབ་པ་དང་འདེབས་འཛུགས་གཞི་ཁྱོན་ཆེ་རུ་འགྲོ་བ་དང་བསྟུན་ནས། ད་ལོ་རྫ་ཡུལ་རྫོང་གི་ཁམ་བུ་སྨི་ཧོའུ་ཡི་ཐོན་ཚད་སྔོན་དཔག་བྱས་ན་ཏུན་40ལ་སླེབས་ཐུབ་པ་དང་། དེ་དུས་ལྷ་ས་དང་བྲག་ཡིབ་སོགས་ཁྲོམ་རར་འཚོང་རྒྱུ་ཡིན་ལ་སྔོན་དཔག་བྱས་ན་ཁྲོམ་རའི་རིན་གོང་རྒྱ་མ་རེར་སྒོར་15ནས་25བར་ཡིན་པ་རེད།