དབུ་ཤོག>ཞིང་འབྲོག་གསར་པ།
  • རྫ་ཡུལ་རྫོང་སྒ་ཡབ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་བྱ་བ་ཆུང་ཙག་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-01

    བོད་ཤར་ལྷོའི་ས་འཛིན་མུ་ཁྱུད་ཀྱིས་བསྐོར་བའི་རྫ་ཡུལ་རྫོང་ལ། རྒྱལ་ཡོངས་སུ་མི་གྲངས་ཅུང་ཉུང་བའི་ཏེང་པ་བ་འདུས་སྡོད་བྱེད་ཀྱི་ཡོད། སྔོ་ལྗང་རི་བོ་གཅིག་ནས་གཅིག་ཏུ་འབྲེལ་བ་དང་། སྔོ་ཐིང་ཐིང་གི་རི་ཞིང་འདབས་སུ་ཆགས་པའི་རི་མ་འདབས་སུ་ཏེང་པ་བའི་གྲོང་ཚོ་སྒ་ཡབ་ཟེར་བ་གནས།

    ལོ་གསུམ་གོང་ནང་སར་སློབ་སྦྱོང་བྱེད་པར་ཕྱིན་པའི་སློབ་ཆེན་སློབ་མ་ཤའོ་ལི་དབྱང་ལོག་ཡོང་བ་དང་ཧང་སངས་པའི་ངང་ཧ་ཅང་རྒྱུས་མངའ་ཆེ་བའི་ཕ་ཡུལ་རེ་ཞིག་ལུང་པ་གསར་པ་ཞིག་ཏུ་སླེབས་པ་ལྟར་གྱི་སྣང་བ་ཞིག་སྟེར་བ་སྟེ། བློ་ངོར་གང་སར་འདམ་གྱིས་ཁེངས་པ་མཐོང་རྒྱུ་མེད་ལ། གོམ་པ་གཉིས་གསུམ་སྤོ་མཚམས་མཆོང་ནས་འགྲོ་དགོས་པའི་ཞིང་ནང་མུ་ཁ་ཡངས་པོར་གྱུར་པ། མི་གཉིས་མཉམ་གཤིབ་ངང་འགྲོ་ས་ལས་མེད་པའི་ལམ་ད་ཆ་རླངས་འཁོར་འགྲོ་ཐུབ་པ། ཆར་ཆུ་མི་འཚོག་པའི་ཁང་གོག་གུ་ཡངས་པའི་ཐོག་བརྩེགས་ཁང་གསར་དུ་བརྒྱབ་པ་སོགས་རེད།

    “ང་ཕྱིན་ནས་ལོ་གསུམ་ལས་འགོར་མེད་ཀྱང་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་འདུག”ཅེས་ཤའོ་ལི་དབྱང་གིས་ཧང་སངས་པའི་ངང་བཤད་པར་ཡུལ་མི་ཞིག་གིས“དེ་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག‘གཉེན་ཉེ་བཟང་པོས’ཁ་ཡོད་ལག་ཡོད་ཀྱི་བྱ་བ་འདི་དག་བསྒྲུབས་པས་རེད”ཅེས་འགྲེལ་བཤད་བརྒྱབ།

    རི་གྲོང་དེར་འགྱུར་ལྡོག་གཏོང་མཁན་ནི། གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད(ལྟ་ཞིབ་ཅུས)དང་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ལས་དོན་རུ་ཁག་རེད།

    ཡོང་འབབ་བྱུང་ནས་མང་ཚོགས་ཧ་ཅང་དགའ།

    “ང་ཚོའི་ཁྱིམ་གྱི་ནང་མི་རེར་ས་ཞིང་མུའུ་0.8རེ་ལས་མེད་པས་ལྟོ་གོས་ཕྱིད་ཙམ་རེད”ཅེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དུད་ཚང་དུ་ཕྱིན་ནས་བརྟག་དཔྱད་བྱེད་སྐབས་ཡུལ་མི་ཡེ་ཆིང་ལུང་གིས་བཤད།

    མི་རེར་འབྲས་ཞིང་མུའུ་0.8ལས་མེད་པ་ནི་སྒ་ཡབ་གྲོང་ཚོའི་མང་ཚོགས་ཀྱི་ས་ཞིང་གི་གནས་སྟངས་ཡིན། མི་རེར་ས་ཞིང་རྒྱ་ཆེན་པོ་མེད་པ་དེས་ཞིང་ཁ་འདེབས་པའི་སྒ་ཡབ་གྲོང་ཚོར་འགྲན་སློང་ཆེན་པོ་ཞིག་ཡིན་ལ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ལ་འཕྲད་པའི་དཀའ་གནད་ཅིག་ཏུ་གྱུར།

    བེད་མེད་དུ་ལུས་པའི་ས་ཞིང་ལ་ཆུ་འདྲེན་སྒྲིག་ཆས་མེད་པ་དང་ཞིང་འཕྲུལ་འགྲོ་ས་མེད་པ་མ་ཟད། ལྕགས་དྲའང་བསྐོར་མེད་པས་གང་སར་རྩྭ་ངན་གྱིས་ཁེངས་ནས་ས་ཞིང་ཞིག་ཡིན་པ་ཁ་ཚོན་གཅོད་ཐབས་བྲལ།

    ས་ཞིང་བེད་གང་ལེགས་སྤྱོད་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཉིན་15བསྟུད་མར་ལག་རྩལ་པ་ཁྲིད་དེ་ལྗིད་ཚད་སྤྱི་རྒྱ་30ལོངས་པའི་དཔྱད་ཆས་ཁུར་ནས་རི་ལམ་སྤྱི་ལེ་20ལྷག་ཙམ་ལ་བསྐྱོད་དེ་ཐིག་ཚད་ལེན་པ་དང་ཆུ་འདྲེན་འཆར་འགོད་བྱས་ཤིང་། མཐར་རྫ་ཡུལ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཆུ་དང་ལམ་ཤར་གཏོང་བྱུང་ནས་བེད་མེད་ཀྱིས་ས་ཞིང་དུ་བ་དམ་འདེབས་ཐུབ་པ་བྱུང་ཞིང་། 2015ལོར་མང་ཚོགས་ལ་བ་དམ་ཁོ་ན་ལས་ཡོང་འབབ་སྒོར་1000ལྷག་ཙམ་བྱུང་ཡོད།

    མཉམ་ལས་དཔལ་འབྱོར་གྱི་ཡོང་འབབ་མེད་པའི་སྐབས། སྒ་ཡབ་གྲོང་ཚོས་མང་ཚོགས་སྨན་ཁང་ལ་སྡོད་སྐབས་འཚམས་འདྲིའི་དངུལ་སྒོར་100ཡང་འདོན་ཐུབ་ཀྱི་མེད། གྲོང་ལྷན་གྱི་ཀྲུའུ་རེན་ཁུ་མའེ་ཞ་ཡིས་མང་ཚོགས་ཀྱིས་དཀའ་ངལ་བརྗོད་སྐབས་ཁ་རོག་ཏུ་སྡོད་རྒྱུ་ལས་མ་འདས། མང་ཚོགས་བློ་ཡིད་མི་ཚིམ་པ་དང་གྲོང་ཚོའི་འགོ་ཁྲིད་ལ་དཀའ་ངལ་ཡོད་པའི་གནས་སྟངས་ལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འགྱུར་ལྡོག་གཏོང་འགོ་བརྩམས།

    གྲོང་ཚོར་ལས་དོན་རུ་ཁག་བཅའ་སྡོད་བྱས་པ་ནས་བཟུང་། ཁྲོམ་རར་བརྟག་དཔྱད་དང་། གནས་ཚུལ་ཤེས་རྟོགས། འཆར་གཞི་འགོད་པ། རྣམ་གྲངས་འདུན་ཞུ་བཅས་ཀྱི་ལས་དོན་རེ་རེ་བཞིན་བསྒྲུབས་ཏེ་བྱ་གསོ་ར་བ་དང་། ཉ་གསོ་ར་བ་རིམ་པས་བཙུགས་པ་མ་ཟད། “ཨུ་ལྷན་གཉིས”ཚན་ཁག་གི་གཞོགས་འདེགས་འོག་གྲོང་ཚོའི་མང་ཚོགས་དང་འགན་གཙང་གན་རྒྱ་བཞག་པས་གྲོང་ལྷན་ལ་ལོ་ལྟར་ཡོང་འབབ་སྒོར་4000བྱུང་ནས་གྲོང་ཚོར་མཉམ་ལས་དཔལ་འབྱོར་གྱི་ཡོང་སྒོ་མེད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བཏོར་ཐུབ་སྟེ་གྲོང་ལྷན་གྱི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་བྱེད་པའི་དཔལ་འབྱོར་གྱི་རྒྱབ་རྟེན་བྱུང་ཡོད།

    འདྲེད་བརྡར་མི་ཤོར་བའི་ཨར་འདམ་ལམ་འདི་ལེགས།

    འཚོ་བ་སྟབས་བདེར་གྱུར་པ་ནི། མང་ཚོགས་ལ་བྱུང་བའི་ཚོར་སྣང་ཟབ་ཤོས་ཤིག་ཡིན།

    “ད་ནས་འདྲེད་བརྡར་ཤོར་བ་མི་འདུག”ཅེས་ཡུལ་མི་ཅང་ཝུའེ་དབྱང་གིས་ཨར་འདམ་ལམ་བཏིང་ནས་ཆར་ཞོད་སྐབས་འདམ་བག་མེད་པ་མཐོང་རྗེས་དེ་ལྟར་བཤད།

    2014ལོའི་གོང་། ཆར་ཞོད་ཚུགས་པའི་སྐབས་རི་མ་འདབས་ནས་རྐང་པ་འདྲེད་ཚེ། ཐད་ཀར་སྒོ་ཁ་བར་རིལ་བ་རྟག་ཏུ་ཡོང་གི་ཡོད། ཆར་ཞོད་དུས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་པ་མང་ཚོགས་སར་འཚམས་འདྲིར་སྐྱོད་སྐབས་རིང་མ་ཐུང་གི་རི་ལམ་གྱི་འདམ་རྫབ་ནང་ཐེངས་བཅུ་ལྷག་ཙམ་འདྲེད་བརྡར་ཤོར་བ་མ་ཟད། ཆར་པ་འབབ་སྐབས་མང་ཚོགས་འདམ་རྫབ་ནང་འགྱེལ་ནས་གྱོན་པ་གཅིག་སྐམ་པོ་མ་ཆགས་གོང་གྱོན་པ་གཞན་པ་ཞིག་ཆུར་བཀྲུ་དགོས་ཀྱི་ཡོད། དེ་ལྟའི་དཀའ་རྙོག་གིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་རྙོག་དྲ་ཡོང་གི་ཡོད།

    དཀའ་ངལ་དེ་རིགས་སེལ་ཆེད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྫ་ཡུལ་རྫོང་བདེ་སྡོད་གཞུང་དོན་ཁང་གི་ལས་དོན་པ་དང་ལག་རྩལ་པ་གྲོང་ཚོའི་ས་ཆ་དངོས་ལ་ཐིག་ཚད་ལེན་པར་ཐེངས་མང་གདན་དྲངས་ནས་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་གོང་རིམ་སྡེ་ཚན་ལ་གནས་ཚུལ་སྙན་སེང་ཞུས་མཐར་ལམ་གསུམ་ལ་ཨར་འདམ་འདིང་བའི་རྣམ་གྲངས་རག་ནས་གྲོང་ཚོར་ཨར་འདམ་ལམ་སྨི་1360ཟིན་ཡོད།

    གཡུལ་ཐང་བརྒྱབ་པས་ཁྱིམ་མཚེས་མཐུན་པོ་ཆགས།

    ཝ་ལུའུ་སུང་དང་སུམ་འབྱོར་ནི་གྲོང་པ་ཁྱིམ་མཚེས་ཡིན། ལོ་ལྟར་གཡུལ་ལས་གཏོང་བའི་སྐབས་གཅེན་གཅུང་གཉིས་རྟག་ཏུ་ཁ་རྩོད་ཤོར་བ་དང་། ཁོང་ཁྲོ་ཆེན་པོ་ལང་པའི་སྐབས། ཕན་ཚུན་འབུད་རྒྱག་ཀྱང་གཏོང་རེས་བྱེད་ཀྱི་ཡོད། དེ་འདྲའི་གནས་ཚུལ་རི་མ་འདབས་ཀྱི་སྒ་ཡབ་གྲོང་ཚོར་དམིགས་བསལ་ཞིག་མིན། གྲོང་ཚོའི་ནང་གཡུལ་ཐང་དང་ལག་རྩེད་སྤོ་ལོ་རྒྱག་ས་གཅིག་ལས་མེད་པས་ཁྱིམ་ཚང་ཚང་མས་གཡུལ་ལས་གཏོང་བའི་སྐབས་འཚང་ཁ་རྒྱག་དགོས་པས་འགལ་བ་ངང་གིས་ཐོན་གྱི་ཡོད།

    གནས་ཚུལ་དེ་རིགས་ལ་དམིགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འཕྲལ་མར་རང་ཚན་པར་སྙན་སེང་ཞུས་པ་དང་། རང་ཚན་པའི་ཤུགས་ཆེའི་རྒྱབ་སྐྱོར་འོག་རྣམ་གྲངས་མ་དངུལ་སྒོར་ཁྲི་38རག་ཡོད། གཡུལ་ཐང་ཡག་པོ་ཞིག་བཟོ་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་གནས་ཀྱི་ཨར་འདམ་རིན་གོང་མཐོ་བར་བརྟེན་རྫ་ཡུལ་རྫོང་གི་འབྲེལ་ཡོད་སྡེ་ཚན་ལ་རོགས་རམ་གནང་རོགས་ཞུས་ཏེ། ཆེད་མངགས་ཡུན་ནན་གྱི་ཨར་འདམ་བཟོ་གྲྭ་ཞིག་ནས་ཨར་འདམ་ཐད་ཀར་ཉོས་པས་སྒོར་ཁྲི་3ལྷག་ཙམ་གྲོན་ཆུང་ཐུབ། གཡུལ་ཐང་མང་ཚོགས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་ཡོང་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྒྱག་མཁན་ལག་རྩལ་པ་གདན་དྲངས་པའི་ཁར།“ཨུ་ལྷན་གཉིས”ཀྱིས་མང་ཚོགས་སྒྲིག་འཛུགས་བྱས་ནས་ངལ་ནུས་འདོན་དུ་བཅུག་སྟེ། ཐོག་མར་དུད་ཚང་རེར་གཡུལ་ཐང་ཁྱོན་སྨི་ངོས་གྲུ་35རེ་ཟིན་པ་ཞིག་རྒྱག་རྒྱུ་བྱས་ཀྱང་མཇུག་ཏུ་དུད་ཚང་རེར་སྨི་ངོས་གྲུ་25མང་དུ་བཏང་ནས་གཡུལ་ཐང་གསར་པ་ཞིག་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།