སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དཔལ་ཡོན་ལ་ངོས་འཛིན་ཡང་དག་པ་དགོས་པ་དང་། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ལ་ངོས་འཛིན་ཡང་དག་པ་བྱེད་དགོས་པ་དེ་ནི་ང་ཚོས་ངེས་པར་དུ་དམ་འཛིན་ལེགས་པོ་བྱེད་དགོས་པའི་གལ་ཆེའི་བརྗོད་གཞི་ཞིག་ཡིན”ཞེས་མཛུབ་སྟོན་གནང་ཡོད།རང་རྒྱལ་མི་རིགས་ཁག་གིས་བཞག་པའི་སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་ལ་དམིགས་ཏེ། སྲོལ་རྒྱུན་རིག་གནས་ཀྱི་གསར་བཟོའི་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་ཤིང་། དེས་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་ཕྱོགས་ལ་ཁ་ཕྱོགས་བསྟན་ཡོད། རྒྱུན་འཛིན་ཁྲོད་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་ཁྲོད་རྒྱུན་འཛིན་བྱེད་པ། གསར་གཏོད་ཁྲོད་སྲོལ་རྒྱུན་རིག་གནས་མེ་ཏོག་བཞད་པ་ལྟར་མཛེས་པ་བཅས་ཡོང་བ་བྱས་ནས་དེའི་རིན་ཐང་སྔར་ལས་ཆེ་བ་མངོན་ཐུབ་པ་དང་། དཔལ་འབྱོར་གང་མང་གཏོད་རྒྱུ་དེ་ནི་ཚང་མས་དོ་སྣང་བྱེད་རིན་ཡོད་པའི་བརྗོད་གཞི་ཆེན་པོ་ཞིག་ཡིན་པ་རེད།
བོད་ཀྱི་མི་རིགས་ལག་ཤེས་བཟོ་ལས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་ལག་ལེན་ཟམ་མི་ཆད་པ་བརྒྱུད། ཐུན་མོང་མ་ཡིན་པའི་བཟོ་རྩལ་ཁྱད་ཆོས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཤིག་ཆགས་ཏེ་རྒྱ་ཆེའི་བོད་རིགས་མང་ཚོགས་དང་གྲངས་ཉུང་མིརིགས་གཞན་དག་གི་མི་དམངས་ཚོའི་དགའ་བསུ་ཐོབ་ཡོད་པ་དང་།ཐོན་རྫས་མི་ཉུང་བ་ཞིག་རྒྱལ་ཁབ་ཕྱི་ནང་ལ་སྐད་གྲགས་ངེས་ཅན་ཞིག་ཡོད་པ་རེད།
མི་རྣམས་ཀྱི་ཉོ་སྒྲུབ་ནུས་པ་ཇེ་ལེགས་སུ་འགྲོ་བ་དང་བསྟུན་པ་དང་། ལྷག་དོན་དུ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཐོན་རྫས་ལ་དོ་སྣང་ཆེས་ཆེར་བྱེད་བཞིན་ཡོད་ལ། སྐུ་མགྲོན་གྱིས་བོད་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་དགའ་པོ་བྱེད་ཤུགས་ཆེ་དུ་འགྲོ་བ་དེ་ཡང་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད། ཇི་ལྟར་བྱས་ཏེ་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་རྒྱུན་འཛིན་ལེགས་པོ་བྱས་ཏེ་འགྲོ་ལམ་སྔར་ལས་རྒྱ་ཆེར་གཏོང་བ་དང་། ཐོན་ལས་ཅན་གྱི་གསར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་འགྱུར་ཡོད།
དང་པོ། རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་དང་མི་རིགས་རིག་གནས་ལ་ཤུགས་ཆེའི་སྲུང་སྐྱོབ་ཆེས་ཆེར་བྱེད་པའི་གོ་སྐབས་བཟང་པོར་བརྟེན་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་ལེགས་ཆ་བེད་སྤྱོད་པ། ཁྲོམ་རྭའི་དགོས་མཁོ་དང་། ས་ཁོངས་ཀྱི་རིག་གནས་ཁྱད་ཆོས། ལག་རྩལ་གྱི་དགེ་མཚན་བཅས་ལ་གཞིགས་ནས་གདམ་ག་ཡོད་པའི་ངང་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་གསར་སྤེལ་བྱ་དགོས།
གཉིས་པ། ཁྲོམ་རྭར་རྟོག་ཞིབ་ལེགས་པོ་བྱེད་པའི་རྨང་གཞིའི་ཐོག་མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་ཁེ་ལས་ཀྱིས་རང་ཉིད་ཀྱི་ཁྱད་ལྡན་ལག་རྩལ་ལ་བརྟེན་ནས་ས་གནས་ཀྱི་རིག་གནས་ཁྱད་ཆོས་ལྡན་ཞིང་། ཉར་ཚགས་རིན་ཐང་། དྲན་གསོའི་རིན་ཐང་།སྤྱན་གཟིགས་རིན་ཐང་། འཁྱེར་བདེ་བ། གསར་གཏོད་རང་བཞིན་ལྡན་པ་བཅས་ཀྱི་ཚོང་ཟོག་དང་ཡུལ་སྐོར་དྲན་རྟེན་དངོས་པོའི་ཐོན་ཟོག་སོགས་བདམས་ཏེ་ཐོན་སྐྱེད་ཀྱི་ལག་རྩལ་སྔར་ལས་གོང་མཐོར་གཏོང་བ་དང་། ཐོན་ཟོག་གི་བཟོ་བཀོད་སྒྲིག་གཞི་ལེགས་སུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཐོན་སྐྱེད་ལག་རྩལ་བེད་སྤྱད་དེ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། བོད་རིགས་ཀྱི་ལག་ཤེས་བཟོ་རྩལ་ལ་ཞིབ་འཇུག་དང་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་བོད་མི་རིགས་ཀྱི་ལག་ཤེས་ཆུ་ཚད་མཚོན་པའི་སྤུས་ལེགས་ཐོན་རྫས་གསར་པ་ཟམ་མི་ཆད་པར་བཏོན་ནས་དགེ་མཚན་ལྡན་པའི་ཐོན་ལས་དཔལ་འབྱོར་འཕར་བའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས།
སྒྱུ་རྩལ་པ་རྒན་གྲས་ཀྱི“རྒྱུད་སྤྲོད་དང་། རོགས་རམ། ཤུལ་འཛིན”བཅས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས། སྒྱུ་རྩལ་པ་རྒན་གྲས་དེ་དག་མེས་རྒྱལ་གྱི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྩ་ཆེའི་རྒྱུ་ནོར་དུ་བརྩི་བ་དང་། ལོ་སྣ་མཐོ་ཞིང་དམིགས་བསལ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཁོང་དུ་ཆུད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་འཚོ་བའི་ཆུ་ཚད་ལེགས་བཅོས་ཧུར་ཐག་གཏོང་བ། མི་སྣ་སྒྲིག་འཛུགས་བྱས་ཏེ་ལག་ཤེས་དེ་དག་ཟིན་ཐོ་འགོད་པ་དང་།ལེགས་སྒྲིག་བྱེད་པ། རྒྱུན་འཛིན་བཅས་བྱེད་པ། རྩ་ཆེ་ཞིང་སྟོང་ལ་ཉེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་པོ་དང་དཔྱད་གཞིའི་ཡིག་རིགས་ལ་འཚོལ་བསྡུ་དང་བསྡུ་ཉར་བྱེད་པ་དང་དུས་མཚུངས། ལག་རྩལ་ཟབ་སྦྱོང་གི་ལས་དོན་རྒྱ་ཆེར་སྤེལ་ནས་མི་རིགས་ལག་ཤེས་བཟོ་རྩལ་པར་ཟབ་སྦྱོང་བྱེད་པ།དགེ་རྒན་གཏན་འཁེལ་དང་།སློབ་མ་གཏན་འཁེལ། དུས་ཚོད་གཏན་འཁེལ། ཐོབ་ཆ་གཏན་འཁེལ་བཅས་བྱས་ནས་ལག་ལེན་ཁྲོད་སློབ་སྦྱོང་དང་གོང་མཐོར་གཏོང་བ་དང་ཆབས་ཅིག་ལྗོངས་ནང་ཁུལ་གྱི་སྒེར་གཉེར་གྱི་ལག་ཤེས་ལས་རིགས་སློབ་གྲྭ་དང་ལྗོངས་ཕྱིའི་ཁེ་ལས་ལ་སློབ་སྦྱོང་བྱེད་པར་གཏོང་བ་སོགས་བྱས་ནས་ཁོང་ཚོའི་ཆེད་ལས་བྱང་ཚད་གོང་མཐོར་གཏོང་དགོས། (བསོད་དབང་གིས་སྒྱུར། ཚེ་ཆོས་ཀྱིས་ཞུས)