དབུ་ཤོག>ཞིང་འབྲོག་གསར་པ།
  • འདམ་གཞུང་རྫོང་ལུང་རིང་ཤང་གིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ལ་སྐུལ་སྤེལ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-22

     ཉེ་ཆར། གསར་འགོད་པས་འདམ་གཞུང་རྫོང་ནས་ཤེས་རྟོགས་བྱས་པ་ལྟར་ན། རྫོང་དེ་གའི་ལུང་རིང་ཤང་གིས“རྨང་གཞི་འདིང་བ་དང་། ཁ་ཕྱོགས་གཏན་འཁེལ། བྱེད་ཐབས་དོན་གཉེར”བཅས་ཕྱོགས་གསུམ་ནས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་བ་རེད།

    བསམ་བློའི་ངོས་འཛིན་གྱི་རྨང་གཞི་བརྟན་དུ་བཏང་ཞིང་། ལྷ་ས་གྲོང་ཁྱེར་གྱི་གནད་སྨིན་དབུལ་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྒྲུབ་འགོ་ཚུགས་ཚུན། འདམ་གཞུང་རྫོང་ལུང་རིང་ཤང་གིས་དྲིལ་བསྒྲགས་འགྲེམས་པང་བཟོ་བ་དང་། དུད་ཁྱིམ་རེ་རེར་སྒྲོག་འགྲེལ་བྱེད་པ། ད་ཡོད་ཆ་རྐྱེན་ལ་བརྟེན་ནས་དྲིལ་བསྒྲགས་ཀྱི་བརྙན་འཕྲིན་སྟོན་པ་སོགས་ཀྱི་ཐབས་ལམ་བརྒྱུད་གནད་སྨིན་དབུལ་སྐྱོར་ལས་དོན་སྐོར་གྱི་ཏང་དང་སྲིད་གཞུང་གི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་བྱས་པ་དང་། སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་བཏོད་པ། བསམ་བློའི་རྨང་གཞི་ཡག་པོ་བཏོད་པ་བཅས་ཀྱི་སྒོ་ནས་མང་ཚོགས་ལས་དོན་དེའི་ནང་ཞུགས་པའི་ཧུར་བརྩོན་དང་རང་འགུལ་ཆེ་རུ་བཏང་བ་རེད།

    སྲིད་ཇུས་ཀྱི་རོགས་སྐྱོར་དང་། ཐོན་ལས་ཀྱི་རོགས་སྐྱོར། ཆ་སྦྲེལ་གྱི་རོགས་སྐྱོར་བཅས་ཀྱི་ཐབས་ཇུས་བཟོས་ཤིང་། ལུང་རིང་ཤང་གིས“གནད་སྨིན་ཁག་དྲུག”གི་བྱེད་ཐབས་དུད་ཁྱིམ་དུ་གནད་སྨིན་སྤེལ་བའི་བླང་བྱ་ལྟར། དུད་ཚང་183དང་མང་ཚོགས་དབུལ་པོ་801གི་དབུལ་སྒྲོལ་འདོད་བློ་ཞིབ་ཕྲར་ཟུང་འབྲེལ་གྱིས་གཙོ་གནད་ཐོག་རྩལ་ནུས་མི་འདང་བ་དང་། ལས་གཏོད་མ་དངུལ་དཀོན་པ། ཐོན་སྐྱེད་རྒྱུ་ཆ་དཀོན་པ་བཅས་ཀྱི་མི་ཁྱུ་རིགས་གསུམ་ལ་དམིགས་ཏེ་རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་གྲོང་གསེབ་ཀྱི་གྲངས་ཉུང་དངུལ་བུན་དང་། སྐྱེད་ཀའི་དངུལ་བུན། ཐོན་སྐྱེད་རྒྱུ་ཆའི་རོགས་སྐྱོར་སོགས་རྣམ་གྲངས་འཆར་འགོད་བྱས་ཡོད། གཙོ་གནད་ཐོག་རིག་གནས་ཀྱི་རིམ་པ་བལྟོས་བཅས་ཐོག་དམའ་བ་དང་ལས་ཞུགས་གོ་སྐབས་མ་རག་པའི་ན་གཞོན་དང་དར་མ་དང་དེ་བཞིན་འཇོན་ཐང་ངེས་ཅན་ལྡན་ཡང་ལས་ཞུགས་ཐུབ་མེད་པའི་ན་གཞོན་དང་དར་མ་བཅས་ལ་དམིགས་ནས་ཤང་དེ་གའི་ཐོན་ལས་སྦྲེལ་ཐག་ལ་འཆར་འགོད་ཡག་པོ་བྱས་ཐོག་ཁོང་ཚོར་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་གྱིས་ཐོན་འཕར་འབབ་འཕར་ཡོང་བ་བྱས་ཡོད། གཙོ་གནད་ཐོག་སློབ་ཆེན་སློབ་མ་དབུལ་པོ་དང་ངལ་རྩོལ་ནུས་ཤུགས་མེད་པའི་མི་ཁྱུར་དམིགས་ཏེ་ཤང་དེ་གའི་ཏང་ཡོན་ལས་བྱེད་ལས་བཟོར་ཆ་སྦྲེལ་རོགས་སྐྱོར་བྱས་པ་མ་ཟད། ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ངོ་མ་གང་ནུས་ཅི་ལྕོགས་ཀྱིས་བསལ་ཡོད། གཞན་ཡང་། ཤང་དེས“མངོན་གསལ་དོད་ས་གསུམ”ལ་གཞིགས་ནས་བརྟག་ཞིབ་ཟབ་མོ་རྒྱ་ཁྱབ་བྱས་པ་དང་མི་འབོར་དབུལ་པོའི་གཅིག་སྡུད་ས་ཁུལ་དང་གེགས་བར་ཐོན་སླ་བའི་ས་ཁོངས། མི་ཁྱུ་གཙོ་བོ་བཅས་ཀྱི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་རྟོགས་པར་བྱས་པ་དང་། དབུལ་ཕོངས་སུ་འགྱུར་བའི་རྒྱུ་རྐྱེན་དབྱེ་ཞིབ་ཀྱིས་དབུལ་སྒྲོལ་ཐབས་ཇུས་དང་། གྲོས་འགོ་འོས་འཚམ་བཏོན་ཡོད། “ཐོན་ཁུངས་དཀོན་པོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཞན་ཆ་གསབ་པ་དང་། དམངས་ཁྲོད་ངག་རྒྱུན་གྱི་བསྟན་དོན་སྔོག་པ། རིག་གནས་ཡུལ་སྐོར་དང་རྩྭ་ཐང་ལྟ་སྐོར་ཡུལ་སྐོར་གྱི་མཛེས་ལྗོངས་གསར་སྤེལ་བཅས་བྱས་ནས་ཁུལ་དེའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་མ་བཏང་ཡོད”ཅེས་ཤང་དེའི་ཤང་ཀྲང་ལིའུ་ཀོང་དབྱིས་བརྗོད་ཅིང་། ཁོང་གིས“ཤང་འདིའི་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ནི་རང་བྱུང་ཐོན་ཁུངས་ཧ་ཅང་དཀོན་པ་དེ་ཡིན། གནས་ཚུལ་འདིར་གཞིགས་ཏེ་ང་ཚོས་ཡུལ་འདིའི་གེ་སར་རྒྱལ་པོའི་ངག་རྒྱུན་དང་འབྲུག་མོའི་གུར་གྱི་རྗེས་ཤུལ་གྱི་སྐོར་གསར་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་མ་ཟད། དམངས་ཁྲོད་རིག་གནས་ཀྱི་རོལ་མྱོང་དང་། རྩྭ་ཐང་མཛེས་ལྗོངས་རོལ་མྱོང་། དམངས་སྲོལ་མཛེས་ལྗོངས་རོལ་མྱོང‘ཕྱོགས་གསུམ་གཞི་གཅིག’གི་གསར་དར་ཡུལ་སྐོར་ཐོན་ལས་བསྐྲུན་པ་ཡིན། རྣམ་གྲངས་འདི་ནས་ཉུང་མཐར་ཡང་ལས་གནས་50མཁོ་འདོན་བྱས་ཏེ་འབྲོག་དུད་30ལ་ཡོང་འབབ་འཕར་རྒྱུའི་སྐུལ་ཁྲིད་བྱེད་ཐུབ”ཅེས་བཤད།

    གསར་འགོད་པས་ད་དུང་ཤེས་རྟོགས་བྱས་པ་ལྟར་ན། གནད་སྨིན་དབུལ་སྐྱོར་གྱི་བྱེད་ཐབས་དེ་དག་ཙམ་མ་ཟད། ཤང་དེས་ད་དུང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བཏོན་པའི་ཡུལ་སྐོར་ལམ་ཐིག་རྩེ་གྲས་ཤང་དེ་གའི་ལུང་རིང་གྲོང་ཚོ་དང་མཆོད་རྟེན་གྲོང་ཚོ་བརྒྱུད་པའི་གོ་སྐབས་བཟང་པོ་དང་དམ་འཛིན་གྱིས་ལུང་རིང་གྲོང་ཚོའི་དབུལ་སྐྱོར་ཚོང་ཁང་དང་། འཁོར་རིགས་འཇོག་ས། རླངས་འཁོར་བཀྲུ་ས། གསོ་རླུང་མཁོ་སྤྲོད་བྱ་ཡུལ་སོགས་རྣམ་གྲངས་འཛུགས་སྐྱོང་ལ་འཆར་འགོད་ཡག་པོ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།