དབུ་ཤོག>ཞིང་འབྲོག་གསར་པ།
  • དབུལ་སྐྱོར་འགག་སྒྲོལ་བྱས། ཕྱུག་འགྱུར་ཐབས་ལམ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-10

    2015ལོ་ཚུན་རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་དེ་ཡོངས་སུ་མིག་སྔར། དུད་ཚང་དབུལ་པོ་དང་དབུལ་པོའི་མི་འབོར་ཅུང་མང་བ་དང་། དུས་བཀག་ལྟར་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱེད་དགོས་པ། དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། དཀའ་གནད་མང་བ། གནོན་ཤུགས་ཆེ་བ་བཅས་ཀྱི་གནད་དོན་གསལ་རྟོགས་ཐུབ་ཅིང་། བསྡོམས་རྩིས་ཀྱི་གྲངས་གཞིར་གཞིགས་ན། རྣམ་གླིང་རྫོང་དེ་ཡོངས་སུ་དུད་ཚང་དབུལ་པོ་5861དང་དབུལ་པོའི་མི་གྲངས་27667ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཇི་ལྟར་བྱས་ནས་རྒྱལ་ཁ་ཐོབ་པ་བྱས་ཏེ་རྫོང་དེ་ཡོངས་ཀྱི་མང་ཚོགས་འབྱོར་འབྲིང་ཕྱོགས་སུ་ཁྲིད་སྟོན་བྱ་རྒྱུ་དེ་ནི་རྣམ་གླིང་རྫོང་གི་གོང་འོག་ཚང་མས་བསམ་བློ་གཏོང་སའི་གནད་དོན་ཞིག་ཡིན། དེར་བརྟེན་རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་མ་ཟད། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ལྷག་པར་དུ་བྱེད་ཐབས་གསར་གཏོད་དང་ཐོན་ལས་ཕན་འབྲས་ཀྱི་སྦྲེལ་ཐག་དམ་འཛིན་བྱས་ཏེ་དུས་སྐབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། རྨང་གཞི་བརྟན་པོ་བཏིང་ཡོད།

    རྩ་འཛུགས་འགན་ལེན་གྱི་རྨང་གཞིའི་ཐོག་རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་སྣེ་འཁྲིད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་འདོམས་པུའུ་བཙུགས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་། ཏང་སྲིད་ཀྱི་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་སྤྱི་ཚོགས་ཀྱི་མ་དངུལ་ཕྱོགས་བསྡུས་ཐོག་སྤྱོད་རྒྱུའི་བློ་ཐག་བཅད་པ་དང་འབྲེལ་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་བརྟན་པོའི་ངང་འཕར་རྒྱུའི་ལམ་སྲོལ་བཙུགས་པ་དང་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་འགན་འཁྲིའི་ཡི་གེར་རིམ་གྱིས་མིང་རྟགས་བཀོད་པ་དང་འབྲེལ་དུས་བཀག་དང་དུས་ངེས་མེད་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་དབུལ་སྐྱོར་མ་དངུལ་བེད་སྤྱོད་དང་དབུལ་སྐྱོར་ལས་དོན་གྱི་མྱུར་ཚད་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    2016ལོ་ནས་2020ལོ་བར་གྱི་ལོ་ལྔའི་ནང་རྣམ་གླིང་རྫོང་གིས་དུད་ཚང་1259དང་མི་གྲངས་4905དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་མ་ཟད།“ཁག་གཅིག་དགུ”ཡི་འདུ་འགོད་དང་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་ལ་བརྟེན་ནས་མང་ཚོགས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དང་འབྲེལ་གྲོང་གསེབ་ཀྱི་དུད་ཚང་དབུལ་པོའི“སེམས་ཁྲལ་མེད་པ་གསུམ”དང་། “འགན་ལེན་གསུམ”“ཡོད་པ་གསུམ”བཅས་ཏན་ཏིག་ངང་མངོན་འགྱུར་ཡོང་བ་བྱས་ཏེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་པ་བྱ་རྒྱུ་རེད།

    གཞན་ཡང་ལེགས་ཆའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.2བཏང་བའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་བཟོས་པ་དང་འབྲེལ་རྩྭ་འདེབས་དང་། རྒྱུག་ཆུའི་རྒྱུད་ཀྱི་ས་ཞིང་བཅོས་སྒྲིག ངལ་ནུས་ཕྱིར་གཏོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པར་བརྟེན་མི་འབོར་དབུལ་པོ་8300དབུལ་སྒྲོལ་ཐུབ་པ་བྱུང་བ་དང་། གནས་གཞན་དུ་སྤོ་རྒྱུའི་འཆར་གཞི་གཞིར་བཟུང་། དུད་ཚང་321དང་མི་1465ཡི་དབུལ་སྐྱོར་གནས་སྤོས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས“སྤོ་ཐུབ་པ་དང་། སྡོད་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཡོང་བ་བྱས་པ། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.2ཟིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཆུང་གྲས་རེ་ཞུ་བྱས་པར་བརྟེན་མང་ཚོགས་ཕྱིར་བསྐྱོད་རྒྱུ་དང་ཞིང་འབྲོག་ཐོན་ཟོག་སྐྱེལ་འདྲེན་དཀའ་བའི་གནད་དོན་ཐག་གཅོད་བྱུང་བའི་ཐོག་ཞིང་འབྲོག་ཁུལ་གྱི་ཆུ་འདྲེན་ཁུལ་ཆུང་གྲས་དང་། ཁ་ཐོར་ཞིང་ཁ། རྩྭ་ར་བཅས་ལ་ཆུ་གཏོང་བའི་ནུས་པ་ཆེ་རུ་ཕྱིན་པ། གཞུང་ལམ་རྒྱུད་ཀྱི་གྲོང་མིའི་སྡོད་ཁང་སྒྱུར་བཀོད་དང་། སྔོ་ཚལ་དྲོད་ཁང་། ལུག་དུས་ཐུང་རྒྱགས་གསོ། བོད་བྱ་གསོ་ཚགས་སོགས་ཀྱི་རྣམ་གྲངས་གྲབས་འཛུགས་བྱས་པ་དང་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ་བཅས་བྱས་ཡོད།

    འདི་ལོ་རྣམ་གླིང་རྫོང་གིས་དུད་ཚང་1203དང་མི་གྲངས་5826གི་དབུལ་སྒྲོལ་ལས་འགན་བསྒྲུབ་རྒྱུ་དེ་ནི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པར་བརྟེན་རྫོང་དེས་དབུལ་སྐྱོར་ལས་དོན་དེ“ཁག་གཅིག་དགུ”དང་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་ཐོག་འཇོག་རྒྱུ་ཡིན་པ་རེད།

    མིག་སྔར། རྣམ་གླིང་རྫོང་གིས་རྫོང་དེ་ཡོངས་ཀྱི་སྟོབས་ཤུགས་དང་བློ་གྲོས་གཅིག་སྡུད་བྱས་ཏེ“སྲིད་ཇུས་དང་། ཆེད་དོན། ལས་རིགས། སྤྱི་ཚོགས། བོད་སྐྱོར”བཅས་ཟུང་འབྲེལ་བྱེད་པའི“ཕྱོགས་ལྔ་གཞི་གཅིག”གི་དབུལ་སྐྱོར་རྣམ་པ་སྔར་བས་སྲ་བརྟན་དང་འཐུས་ཚང་དུ་བཏང་བ་དང་འབྲེལ་ཐོན་སྐྱེད་འཕེལ་རྒྱས་དང་། ས་ཆ་གཞན་དུ་གནས་སྤོས། སྣོད་བཅུད་ཁ་གསབ། སློབ་གསོ་འཕེལ་རྒྱས། ལས་ཞུགས། སྨན་བཅོས་རོགས་སྐྱོབ། དངུལ་རྩའི་རོགས་སྐྱོར། གེགས་རྗེས་བསྐྱར་བསྐྲུན་སོགས་ཀྱི་ལས་དོན་ལ་དམིགས་ནས་གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ཏེ་དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།