དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་དང་པོ་དེ་བསྐྲུན་རྩིས་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-04

    ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་ཁག་དང་པོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་20འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་ལ་མཆན་བཀོད་བཀའ་ལན་ཐོབ་པ་དེས་རང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ས་ཚིགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་པ་རེད།

    རང་ལྗོངས་ཀྱི་ཁག་དང་པོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་20སྟེ། ལྷ་ས་གྲོང་ཁྱེར་ཡངས་པ་ཅན་གྲོང་རྡལ་དང་། རྒྱ་མ་ཤང་། ཐོན་པ་ཤང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་གྲོང་རྡལ། སྐྱིད་གྲོང་གྲོང་རྡལ། དགེ་སྡིངས་གྲོང་རྡལ། རྒྱ་མཚོ་གཞུང་ཤང་། ལྷོ་ཁ་གྲོང་ཁྱེར་ལྕེ་བདེ་ཞོལ་གྲོང་རྡལ། བསམ་ཡས་གྲོང་རྡལ། སླད་མོན་པ་མི་རིགས་ཤང་། ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ། བྲག་ཆུ་གྲོང་རྡལ། ཚ་བ་རོང་ཤང་། ཆབ་མདོ་གྲོང་ཁྱེར་སྐམ་ཐོག་གྲོང་རྡལ། ར་འོག་གྲོང་རྡལ། ཆུ་ཚན་ཁ་གྲོང་རྡལ། ནག་ཆུ་ས་ཁུལ་བྲག་སྨུག་གྲོང་རྡལ། རོང་པོ་གྲོང་རྡལ། མངའ་རིས་ས་ཁུལ་བར་ག་ཤང་། སྟོད་མ་ཤང་བཅས་སོ་སོ་རེད།

    མཆན་བཀོད་བཀའ་ལན་ནང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་ལེན་ཞིབ་ཕྲ་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོ་དང་། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་གཏོང་བའི་དམ་འཛིན་བྱེད་ས། ཞིང་འབྲོག་མང་ཚོགས་ཀྱི་དངོས་པོ་དང་། རིག་གནས། འཚོ་བ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན། བོད་ཀྱི་སྤྱི་ཚོགས་དང་ཤེས་དཔལ་ཡར་ཐོན་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་བཅས་ཀྱང་ཡིན་ཞེས་བསྟན་ཡོད་པ་རེད།

    མཆན་བཀོད་བཀའ་ལན་ནང་ཚན་རིག་དང་མཐུན་པའི་སྒོ་ནས་བར་མཐོངས་ཀྱི་ཁྱབ་ཚུལ་ལེགས་སྒྲིག་བྱེད་པར་ཐོན་སྐྱེད་ཀྱི་བར་མཐོངས་གཅིག་སྡུད་ཕན་ཆེ་དང་། འཚོ་བའི་བར་མཐོངས་བདེ་སྡོད་ཚད་རན། སྣོད་བཅུད་ཀྱི་བར་མཐོངས་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་བཅས་ཡོང་བ་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་ཁྱོན་ལུགས་མཐུན་སྒོ་ནས་ཚོད་འཛིན་བྱེད་པར་གསར་སྤེལ་ཚད་གཞི་བཟོ་བ་དང་མཐའ་མཚམས་དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ་གྲོང་རྡལ་ཁུལ་གྱི་བཀོད་པ་ལུགས་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་སྔོན་ལ་ས་འོག་དང་དེ་རྗེས་ས་སྟེང་གི་རྩ་དོན་གཞིར་བཟུང་སྤྱི་འདོམས་འཆར་འགོད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དང་། ཆུ་ཁུངས། ཆུ་འདྲེན་ལྕགས་མདོང་དྲ་བ། བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་ཀྱི་གྲོང་ཁྱེར་དོ་དམ་ལས་ཀའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པར་ཐོན་ལས་ཀྱི་ངེས་གནས་གཏན་འཁེལ་ཁ་གསལ་བཟོ་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མི་སྡོད་ཁོར་ཡུག་ལེགས་སུ་ནུས་ལྡན་གཏོང་བར་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འཚོ་གནས་ཐུབ་པའི་རང་བཞིན་མཐོ་རུ་གཏོང་དགོས། སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པར་གྲོང་ཁྱེར་དང་གྲོང་རྡལ་གྱི་སྲོལ་རྒྱུན་ཉམས་འགྱུར་དང་། ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ། རང་བྱུང་སྣོད་བཅུད་བཅས་སྲུང་སྐྱོང་དང་རྒྱུན་འཛིན་ཏན་ཏིག་བྱེད་དགོས། འཆར་གཞི་ལག་བསྟར་ནན་པོ་བྱེད་པར་འཆར་འགོད་ཁུལ་ནང་གི་འཛུཌ་སྐྲུན་མཐའ་དག་འཆར་འགོད་ཀྱི་བླང་བྱ་དང་ངེས་པར་དུ་མཐུན་པ་བྱེད་དགོས་ཞེས་ནན་བཤད་བྱས་འདུག

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།