དབུ་ཤོག>ཞིང་འབྲོག་གསར་པ།
  • ​ “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་གྱི་རགས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-04-01

    བདེ་སྡོད་ལས་བརྩོན།

    མི་རིང་བའི་གོང་གི་ཉིན་ཞིག་གི་ཞོགས་པ་སྔ་པོ་གསར་འགོད་པ་དང་བཅས་པ་སྨུག་སྤྲིན་འཁྲིགས་པའི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོར་སྐྱོད་པས་ཁང་པའི་ཐོག་ཁ་དམར་པོ་ཡིན་པའི་ཐོག་སོ་ཉིས་ལྡན་གྱི་ཐོག་ཁང་གྲོང་ཚོའི་ནང་གྲལ་སྟར་འགྲིག་པོས་གནས་འདུག

    གསར་འགོད་པས་མེ་ཏོག་རྫོང་གི་གཞུང་ལམ་རྒྱུད་ཀྱི་གྲོང་ཚོ་ནས་ཟམ་ཐོག་ཁང་པ་རྙིང་པ་མཐོང་རྒྱུ་མེད་པ་དང་དེ་སྔའི་སྡོད་ཁང་རྙིང་པའི་ཚབ་ཐོག་སོ་ཉིས་ལྡན་གྱི་ཁང་པས་ཁེངས་པ་དོ་སྣང་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོ་ནས་བཟུང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་མེ་ཏོག་རྫོང་གིས་དུད་ཚང་1273གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་མ་གཏོང་རྒྱུའི་ཐད་གཞོལ་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.57བཏང་སྟེ་མིག་སྔར་ལས་གྲྭའི་བསྡོམས་འབོར་གྱི་50%ལེགས་གྲུབ་ཟིན་པ་དང་། སྡོད་ཁང་སྐྱོ་ཁུལ་གསར་སྐྲུན་དང་མཐུད་སྐྲུན་གྱི་སྒྱུར་བཀོད་རྣམ་གྲངས་ཀྱི་ལས་གྲྭའི་བསྡོམས་འབོར་གྱི་90%ལེགས་གྲུབ་ཟིན་པ། གཞུང་ལམ་ལམ་རྒྱུད་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་4འཛུགས་སྐྲུན་གྱི་མཐུད་སྐྲུན་རྣམ་གྲངས་མིག་སྔར་ཚང་མ་ལེགས་གྲུབ་ཟིན་ནས་མེ་ཏོག་རྫོང་འདི་ཉིད་དེང་རབས་ཀྱི་ཉམས་འགྱུར་ལྡན་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསར་དར་རྫོང་གྲོང་ཞིག་ཏུ་གྱུར་བཞིན་ཡོད།

    དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་གྲོང་ཚོའི་ཉེ་འགྲམ་གྱི་འཛུགས་སྐྲུན་ལས་ཡུལ་ཞིག་ཏུ་བཟོ་པ་ཚོ་ཨར་ལས་བྱེད་བཞིན་འདུག ཁུལ་ཆུང་ནང་གི་ཐོག་བརྩེགས་ཁང་པ་མང་ཆེ་བ་ཐོག་བཀབ་ཟིན་པ་གསར་འགོད་པས་དོ་སྣང་བྱུང་། སྐྲུན་བཞིན་པའི་རྣམ་གྲངས་དེ་ནི་2015ལོ་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་ཐོག་སྐུལ་འདེད་བཏང་བའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་རྣམ་གྲངས་དེ་སྐྲུན་ཟིན་རྗེས་སྡོད་ཁང་སྐྱོ་ཁུལ་གྱི་གྲོང་མི་དུད་ཚང་300ཡི་སྡོད་ཁང་གི་ཁོར་ཡུག་རྦད་དེ་ལེགས་བཅོས་ཡོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱས་ཚུན་ལྷ་ས་གྲོང་ཁྱེར་གྱིས་ཁང་གླ་ཁེ་བའི་སྡོད་ཁང་དང་ལས་ཤག་དང་དེ་བཞིན་སྤྱི་པའི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། གཞུང་ཁོངས་བཟོ་གཏེར་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་དེ་བཞིན་ལས་ཤག་ཉམས་གསོ་སྒྱུར་བཀོད་སོགས་རྣམ་གྲངས་བརྒྱུད་སྡོད་ཁང་གི་འགན་ལེན་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ནི་རང་ལྗོངས་ཀྱིས་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་གཞོལ་བའི་ལོ་5ཡིན་པ་རེད། གསར་འགོད་པས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར།“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་5.04བསྐྲུན་རྒྱུའི་འཆར་གཞི་བཀོད་པ་དང་མ་འཇོག་སྒོར་དུང་ཕྱུར་37.44གཏོང་རྒྱུའི་འཆར་གཞི་བཀོད་ཡོད། ལོ་5ཡི་ནང་ལྗོངས་ཡོངས་སུ་ཁྱོན་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ཁང་པ་སྣ་ཚོགས་ཁྲི་21.54འཛུགས་སྐྲུན(ཉོ་སྒྲུབ་དང་སྒྱུར་བཀོད)བྱས་པའི་ནང་ཁང་གླ་ཁེ་བའི་སྡོད་ཁང་ཁྲི་0.92དང་ལས་ཤག་ཁྲི་5.1སྐྲུན་པ་དང་། སྤྱི་པའི་བོགས་གཏོང་སྡོད་ཁང་ཁྲི་7.11འཛུགས་སྐྲུན(ཉོ་སྒྲུབ་དང་སྒྱུར་བཀོད)བྱས་པ། སྡོད་ཁང་སྐྱོ་ཁུལ་ཁྲི་8.41སྒྱུར་བཀོད་བྱས་པ་བཅས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་167.77བཏང་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལས་ལྡབ་4.48ཙམ་བརྒལ་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད།

    འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་རིགས་གསུམ་ཚུད་ཡོད་པ་སྟེ། རིགས་དང་པོ་ནི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་པ་དང་། དེའི་ནང་ཁང་གླ་ཁེ་བའི་སྡོད་ཁང་དང་། གོང་ཁེ་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་། སྤྱི་པའི་བོགས་གཏོང་ཁང་པ། རིན་གོང་ཚད་བཅད་ཀྱི་ཚོང་སྒྱུར་སྡོད་ཁང་བཅས་ཚུད་ཡོད་པ་དང་། རིགས་གཉིས་པ་ནི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱ་རྒྱུ་དེ་ཡིན་པ། དེའི་ནང་གྲོང་ཁྱེར་གྱི་སྡོད་ཁང་སྐྱོ་ཁུལ་དང་། གཞུང་ཁོངས་བཟོ་གཏེར་གྱི་སྡོད་ཁང་སྐྱོ་ཁུལ། ནགས་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ། གསར་སྦོལ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ། རྡོ་སོལ་དང་གཏེར་ཁའི་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་བཅས་ཚུད་ཡོད། རིགས་གསུམ་པ་ནི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དང་སྐྱས་སྤོས་འབྲོག་པའི་གཞི་ཆགས་ལས་གྲྭ་བཅས་ཡིན།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་གི་དོན་ཚན་བདུན་པའི་ཐོག“དམངས་འཚོ་ལེགས་གཏོང་དང་སྤྱི་ཚོགས་དོ་དམ་གསར་གཏོད་ཁྲོད་སྤྱི་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན”རྒྱག་དགོས་པ་དང་། ནང་གསེས་བཞི་པའི་ཐོག“ཁྲོམ་རའི་སྒྲིག་བཀོད་དང་སྲིད་གཞུང་གི་འགན་ལེན་གཉིས་ཟུང་འབྲེལ་བྱས་པའི་སྡོད་ཁང་གི་ལམ་ལུགས་བཙུགས་ནས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་གཞི་རྩའི་དགོས་མཁོ་བསྐོངས་དགོས་པ”བཏོན་ཡོད། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་གཞི་ཁྱོན་ཆེན་པོའི་སྒོ་ནས་ལག་ལེན་བསྟར་རྒྱུ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། བྱེད་སྟངས་བསྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྤུས་ཚད་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་གཞི་ཁྱོན་ཆེ་བ་དང་། སྤྱི་ཕན་རང་བཞིན་ཤུགས་ཆེ་བ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེ་བ་བཅས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།