དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་དྭ་ཕྲུག་དང་འགན་ལེན་ལྔའི་དུད་ཚང་རྒན་རྒོན་ལ་གཅིག་སྡུད་བསྙེན་བཀུར་བྱས་པ།

  • ཡོང་ཁུངས།  ​  མི་དམངས་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-03-17

    མི་དམངས་དྲ་བའི་འཕྲིན། “ཏང་དང་སྲིད་གཞུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་ན་མཐོ་པོ་དེ་འདྲའི་སྐབས་བདེ་སྐྱིད་འཚོ་བ་དེ་འདྲ་བསྐྱལ་རྒྱུ་བྱུང་བས་ང་རང་ད་དུང་ཚེ་རིང་ཙམ་སྡོད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ལོ་73ལ་སླེབས་པའི་རྒན་མོ་ཚེ་རིང་སྒྲོལ་མས་ཅུས་ཀྲང་བཀྲ་ཤིས་ཀྱི་ལག་ནས་འཇུ་བཞིན་རང་ཉིད་ཀྱི་སེམས་ནང་གི་སྐད་ཆ་དྲང་པོར་བཤད།

    རྒན་མོ་སྡོད་ཡུལ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་གིས་གསར་དུ་བསྐྲུན་པའི་འགན་ལེན་ལྔའི་དུད་ཚང་གི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཡིན་ཞིང་། ས་གནས་དེ་གའི་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་ཀྱིས་དེ་ཁུལ་གྱི་རྒན་རྒོན་170ལྷག་ཙམ་ལ་སྲིད་གཞུང་གིས་མཁོ་འདོན་བྱས་པའི་གཅིག་སྡུད་བསྙེན་བཀུར་ལོངས་སྤྱོད་བྱ་རྒྱུ་ཡོད། རྒན་རྒོན་94ཕུད་དེ་བྱིངས་ཚང་མ“གཅིག་སྡུད་གཉིས”ཀྱི་སྲིད་ཇུས་ལག་ལེན་བསྟར་རྗེས་རང་མོས་ངང་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཡོང་མཁན་གསར་པ་རེད་ཅེས་བཤད་བྱུང་།

    2013ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་རྒན་རྒོན་ཡོངས་རྫོགས་རྫོང་ཡན་དུ་གཅིག་སྡུད་བསྙེན་བཀུར་བྱས་པ་དང་། དྭ་ཕྲུག་ཡོངས་རྫོགས་ས་ཁུལ་དང་གྲོང་ཁྱེར་ཡན་དུ་གཅིག་སྡུད་བསྙེན་བཀུར་བྱེད་པའི”“གཅིག་སྡུད་གཉིས”ཀྱི་དམིགས་ཚད་བཏོན་ཡོད། ལོ་གསུམ་གྱི་དུས་ཚོད་ནང་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་30ཙམ་བཏང་ནས་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་རྣམ་གྲངས་80ལག་བསྟར་དང་དྭ་ཕྲུག་ཕན་བདེ་ཁང་10བསྐྲུན་པ་དང་འབྲེལ་དེ་མཚུངས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་ནས་2015ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་སྔོན་དུ་འགན་ལེན་ལྔའི་དུད་ཚང་གི་ཁོངས་སུ་ཞུགས་འདོད་ཡོད་པའི་མི་11633དང་དྭ་ཕྲུག་5652ཡོངས་རྫོགས་གཅིག་སྡུད་བསྙེན་བཀུར་བྱས་ཡོད་པ་རེད།

    ཟངས་རི་རྫོང་གིས་གསར་དུ་བསྐྲུན་པའི་འགན་ལེན་ལྔའི་དུད་ཚང་གི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ལ་མ་དངུལ་ཁྱོན་སྒོར་ཁྲི་3000ཙམ་བཏང་བ་དང་ཁང་པ་གཙོ་བོ་ནི་རྒན་རྒོན་རྣམས་སྡོད་སའི་ཐོག་སོ་གསུམ་ལྡན་གྱི་ཐོག་བརྩེགས་ཁང་ཆེན་ཡིན་པ་དང་། ད་དུང་ཟ་ཁང་དང་། རོལ་རྩེད་ཁང་། གནས་སྐབས་ལྟ་སྐྱོང་ཁང་སོགས་ཞོར་གཏོགས་ཁང་པའང་ཡོད། གསར་འགོད་པ་རྒན་རྒོན་ཚོའི་སྡོད་གནས་སུ་སྐྱོད་སྐབས་ཁང་པ་ཚང་མར་མགྲོན་བསུ་ཁང་དང་། ཉལ་ཁང་། གསང་སྤྱོད་བཅས་བཀོད་སྒྲིག་བྱས་ཡོད་པའི་ཁར་སྡོད་ཁང་ཚང་མའི་ནང་སྐད་གཏོང་ཡོ་ཆས་དང་རང་འགུལ་མེ་ཟོན་སྒྲིག་ཆས་བསྒར་འདུག

    “‘གཅིག་སྡུད་གཉིས’ཀྱི་ལས་དོན་ནི་བོད་ཀྱི་ས་གནས་གནས་ཚུལ་དང་མཐུན་པའི་དམངས་སེམས་འབྲེལ་བའི་ལས་གྲྭ་ཞིག་ཡིན་ལ་སྒྱུར་བཅོས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཀྱི་དམངས་འཚོའི་ལས་གྲྭ་ཞིག་ཀྱང་རེད”ཅེས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་གསུངས་པ་དང་། ཁོང་གིས་བོད་ལྗོངས་དེ་ཉིད་རྒྱལ་ཡོངས་ཀྱི་མི་འབོར་ཉུང་ཤོས་ཀྱི་རང་སྐྱོང་ལྗོངས་ཤིག་ཡིན་པའི་ཆ་ནས“གཅིག་སྡུད་གཉིས”ལག་ལེན་བསྟར་བར་དགོས་གལ་ཧ་ཅང་ཆེན་པོ་ལྡན་ཡོད་ལ་མངོན་འགྱུར་ཐུབ་པའི་ཆ་རྐྱེན་ཡང་ལྡན་ཁར་གནད་སྨིན་དབུལ་སྐྱོར་གྱི་བྱ་ཐབས་ཤིག་དེ་བས་ཡིན་ཞེས་གསུང་གི་འདུག

    2015ལོའི་ཟླ་9པར་བེད་སྤྱོད་གཏོང་འགོ་ཚུགས་པ་དང་ལྷ་ས་གྲོང་ཁྱེར་སྟོད་ལུང་ཡབ་མདའ་ཤང་དུ་གནས་པའི་ས་ཁྱོན་མུའུ་90ལྷག་ཙམ་བཟུང་བའི“རྫོང་གསུམ་གྱི་རྒན་རྒོན་ཕན་བདེ་ཁང”ནང་ལྷ་ས་གྲོང་ཁྱེར་གྱི་སྟོད་ལུང་བདེ་ཆེན་དང་། སྙེ་མོ། འདམ་གཞུང་བཅས་རྫོང་གསུམ་གྱི་འགན་ལེན་ལྔའི་དུད་ཚང་གི་རྒན་རྒོན་ཁྱོན་294གཅིག་སྡུད་བྱས་ཡོད་པ་དང་། དེའི་ནང་དབང་སྐྱོན་རྒན་རྒོན་56ཡོད་པ་རེད། ཕན་བདེ་ཁང་ནང་ཐོག་བརྩེགས་ཁང་ཆེན་གྲལ་སྟར་སྒྲིག་ལ་སྤང་རྩྭའི་རྒྱ་ཁྱོན་ཆེ་བ་དང་། ཐོག་བརྩེགས་ཁང་ཆེན་ཚང་མའི་མདུན་དུ་ལོང་ལམ་བཏིང་ཡོད་པ་དང་། ཐོག་བརྩེགས་ཁང་ཆེན་ནང་ཁུལ་དུ་གློག་སྐས་དང་དྲོད་རླངས་བཀོད་སྒྲིག་བྱས་ཡོད་པ་དང་། ཕན་བདེ་ཁང་གི་སྤྱི་པའི་བྱེད་སྒོའི་ཐོག་བརྩེགས་ཁང་པའི་ནང་སྨན་ཁང་དང་། རོལ་རྩེད་ཁང་། བྱེད་སྒོ་ཁང་སོགས་བཀོད་སྒྲིག་བྱས་ཡོད་པ་དང་། ཐོག་ཁང་ནང་ཁུལ་དུ་དྲོད་ལེན་པང་ལེབ་བཏིང་བ་དང་སྨན་ཁང་དུ་གོང་གསལ་རྫོང་གསུམ་གྱི་མི་དམངས་སྨན་ཁང་ནས་སྨན་པ་གཉིས་རེས་མོས་ངང་ལས་རེས་སུ་མངགས་ཀྱི་ཡོད་པ་གསར་འགོད་པས་ཤེས་རྟོགས་བྱུང་།

    ནག་ཆུ་ས་ཁུལ་དུ་དྭ་ཕྲུག་ཁྱོན་870ཡོད་པ་དང་། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་6348བཏང་ནས་ནག་ཆུ་ས་ཁུལ་གྱི་བྱིས་པའི་ཕན་བདེ་ཁང་གསར་དུ་བསྐྲུན་ཏེ་དྭ་ཕྲུག་529གཅིག་སྡུད་གསོ་ཉར་བྱས་པ་དང་། དྭ་ཕྲུག་གཞན་དག་རྣམས་བོད་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་དང་ལྷོ་ཁ་ས་ཁུལ་བྱིས་པའི་ཕན་བདེ་ཁང་གཉིས་སུ་གསོ་ཉར་བྱེད་པར་བསྐྱལ་ཡོད།

    གསར་དུ་བསྐྲུན་པའི་ལྷོ་ཁ་ས་ཁུལ་བྱིས་པའི་ཕན་བདེ་ཁང་གིས་ས་ཁྱོན་མུའུ་38ལྷག་ཙམ་བཟུང་བ་དང་དེའི་སྒྲིག་ཆས་ཆ་ཚང་བ་དང་། ནུས་པ་འཐུས་སྒོ་ཚང་བ། ཁོར་ཡུག་མཛེས་པ་བཅས་ཡོད་པ་རེད། མིག་སྔར་དེ་ཁུལ་དུ་དྭ་ཕྲུག་552ཡོད་པ་དང་དེའི་ནང་ནས་དྭ་ཕྲུག་174ནག་ཆུ་ས་ཁུལ་ནས་ཡིན་པ་རེད། ལོ་བཅུ་ལ་སོན་པའི་ཚེ་རིང་ནི་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་ནས་ཡིན་པ་དང་། གསར་འགོད་པ་དང་འཕྲད་སྐབས་ཁོ་རང་ཕན་བདེ་ཁང་གི་སྨན་དོན་ཁང་ནང་ཆམ་པའི་སྨན་ལེན་བཞིན་ཡོད་པ་དང་། ཁོས“འདི་གར་དགུང་ཟས་ཟ་སྐབས་ཚལ་སྣ་ཁ་ལྔ་དྲུག་འདུག་པས་ཞིམ་པོ་ཡོད་པ་མ་ཟད། ད་དུང་དགེ་རྒན་ཚོས་ང་ཚོར་ལྟ་རྟོག་ཡག་པོ་གནང་གི་འདུག”ཅེས་བཤད་བྱུང་།

    བོད་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་གིས་ནག་ཆུ་དང་། ཆབ་མདོ་ནས་ཡིན་པའི་དྭ་ཕྲུག་285བསྡུ་ལེན་བྱས་ཡོད་པ་དང་མིག་སྔར་བོད་ཀྱི་ས་ཆ་གཞན་དག་ནས་ཡོང་བའི་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་མང་ཤོས་ཀྱི་ཕན་བདེ་ཁང་ཞིག་ཡིན་པ་རེད། ས་ཆ་གཞན་ནས་ཡོང་བའི་དྭ་ཕྲུག་གི་རྒྱུན་གཏན་སློབ་སྦྱོང་དང་འཚོ་བ་འགན་ལེན་བྱ་ཆེད། ཕན་བདེ་ཁང་གིས“གཅེས་སེམས་ཅན་གྱི་ཨ་མ”བཅུ་གྲངས་ཁ་ཤས་གདན་འདྲེན་ཞུས་ནས་དྭ་ཕྲུག་ཚོར་ཁྱིམ་ཚང་ལྟ་བུའི་ལྟ་སྐྱོང་བྱེད་པ་མ་ཟད། ད་དུང་སློབ་འཁོར་ཁ་ལོ་བ་དང་མ་བྱན་ཁ་ཤས་གདན་དྲངས་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་ལས་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་བསྟན་འཛིན་དངོས་གྲུབ་ཀྱིས་ཆབ་མདོ་དང་ནག་ཆུ་གཉིས་ནི་བོད་ཀྱི་དཔལ་འབྱོར་ཆ་རྐྱེན་དང་འཚོ་གནས་ཆ་རྐྱེན་ཅུང་ཞན་པའི་ས་ཁུལ་དང་གྲོང་ཁྱེར་གཉིས་རེད། ས་གནས་དེ་དག་གི་དྭ་ཕྲུག་ཁག་གཅིག་ལྷ་ས་སོགས་ས་ཆར་གཅིག་སྡུད་གསོ་ཉར་བྱས་པ་དེས་ཁོང་ཚོའི་འཚོ་གནས་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་ལ་ཁོ་ཚོས་སློབ་གསོ་བཟང་པོ་དང་ལེན་ཐུབ་ནས་ཁོ་ཚོ་འཚར་ལོངས་ཡོང་རྒྱུར་དོན་སྙིང་ལྡན་ཡོད་ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།