ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཁྱད་ལྡན་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས་ཐོན་ལས་ཁྱབ་ཚུལ་འཆར་འགོད་བྱས་པའི་ཁར་ཡུལ་སྐོར་རིག་གནས་དང་། རང་བྱུང་འཐུང་ཆུ། ནུས་རྒྱུ་གཙང་མ་སོགས་ལྗོངས་སྟོབས་ཆེར་གཏོང་བའི་ཐོན་ལས་དང་། ས་མཐོའི་འདེབས་གསོ་ལས་སྣོན། བོད་ལུགས་གསོ་རིག་དང་བོད་སྨན། མི་རིགས་ལག་ཤེས་བཟོ་ལས་སོགས་དམངས་ཕྱུག་ཐོན་ལས་ལ་རོགས་སྐྱོར་ཤུགས་ཆེན་བྱས་པར་བརྟེན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་བྱུང་ཡོད།
འཚོག་བཞིན་པའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཐོག་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་ཇི་ལྟར་བྱས་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ཐབས་དང་ཇུས་ཧུར་ཐག་བཏོན་གནང་བ་རེད།
“བོད་ཀྱི་རང་བྱུང་འཐུང་ཆུ་ནི་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་བ་ཚྭ་མེད་པའི་ཆུ་ཡག་ཤོས་ཀྱི་གྲས་ཤིག་ཡིན་པ་དང་བོད་ལྗོངས་གནས་ཆུ་དང་ཇོ་རིའི་འཁྱག་རོམ་གཏེར་ཆུ་སོགས་གྲགས་ཅན་སྤུས་རྟགས་ཚང་མ་གཞིས་རྩེ་ནས་ཐོན་པ་ཤ་སྟག་རེད། རང་ལྗོངས་ཀྱིས་རང་བྱུང་འཐུང་ཆུའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་པར་བརྟེན‘བོད་ཀྱི་ཆུ་བཟང’ཞེས་པའི་སྤུས་རྟགས་ཀྱི་མིང་གྲགས་ཆེ་རུ་ཕྱིན་པ་དང་འབྲེལ་སྤུས་རྟགས་ཀྱི་གཏེར་ཆུ་མང་པོ་ཞིག་ལ་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་ཐོབ་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མཚོན་རྟགས་སུ་གྱུར་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཉན་གནང་མཁན་གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་པ་སངས་ཀྱིས་གསུངས།
མངའ་རིས་ས་ཁུལ་དུ་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། ཞང་ཞུང་རིག་གནས་དང་། གངས་རིན་པོ་ཆེ། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ། བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་སོགས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་གནས་དག་ཡོད། “ཡུལ་སྐོར་ལས་རིགས་ནི་སྣེ་ཁྲིད་རང་བཞིན་ཆེ་བ་དང་། སྦྲེལ་མཐུད་རང་བཞིན་ཆེ་བ། ལས་ཞུགས་ཀྱི་ཁྱབ་རྒྱ་ཆེ་བ་བཅས་ཀྱི་ལེགས་ཆའི་ཐོན་ལས་ཤིག་ཡིན་པས་ང་ཚོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་འབྲོག་པ་དེ་བས་མང་བ་དེའི་ནང་ཞུགས་རྒྱུའི་ཡིད་དབང་འགུགས་ཐུབ་པ་བྱས་ཏེ་གནད་སྨིན་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན། མངའ་རིས་ཀྱི་ཁྱད་ལྡན་ལེགས་ཆའི་ཡུལ་སྐོར་ལས་རིགས་གསར་སྤེལ་བྱ་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ས་ཁོངས་དཔལ་འབྱོར་གྱི་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ནི་མངའ་རིས་ཀྱིས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་གནད་སྨིན་དབུལ་སྒྲོལ་མངོན་འགྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་མངའ་རིས་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཕུན་ཚོགས་ཀྱིས་གསུངས།
“གྲོང་གསེབ་ཀྱི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཡུལ་སྐོར་ལས་རིགས་དེ་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་དང་། འབབ་འཕར། ཡོང་འབབ་གཏོད་པ་བཅས་ཀྱི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་རང་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པར་ཡུལ་སྐོར་ལས་རིགས་ནི་སྣེ་འདྲེན་དམག་ལྟ་བུ་ཞིག་ཡིན”ཞེས་ཧུང་ཝུའེ་ཡིས་གསུངས།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་བཅས་ཡིན་པའི་དབང་འདུས་ཀྱིས“ཉེ་བའི་ལོ་ཤས་རིང་ཉིང་ཁྲི་ས་ཁུལ་གྱིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ཆོས་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། 2015ལོར་ཉིང་ཁྲི་འདི་ཉིད‘ཀྲུང་གོའི་རིག་གནས་སྣོད་བཅུད་ཡུལ་སྐོར་གྱི་དམིགས་ས་ཡག་ཤོས’དང་། ‘རང་འཁོར་བཏང་ནས་ཡུལ་སྐོར་བྱེད་སའི་ས་ཆ་ཡག་ཤོས’བཅས་སུ་བདམས་པ་དང‘ཉིང་ཁྲིའི་སྡོང་ཕུང’དང་། ‘ཉིང་ཁྲིའི་ཀོ་ཤ’‘ཉིང་ཁྲིའི་ཤ་མོ’སོགས་ཐོན་རྫས་10ལ་རྒྱལ་ཁབ་ས་གཤིས་མཚོན་རྟགས་སྲུང་སྐྱོང་ཐོན་ཟོག་གི་བདེན་དཔང་ར་སྤྲོད་ཀྱི་ལག་ཁྱེར་ཐོབ་ཡོད། བྲག་ཡིབ་ཆུས་ཀྱི་སྨན་རིང་ཤང་དང་སྨན་གླིང་རྫོང་གི་གནས་ཡུལ་ལྷོ་པ་མི་རིགས་ཤང་གཉིས་ལ་རིག་གནས་པུའུ་ཡིས‘ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཕ་ཡུལ’དུ་བདམས་ཡོད”ཅེས་དེ་ལྟར་གསུངས།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཀུན་བཟང་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཡེ་ཤེས་སྒྲོལ་དཀར་གྱིས“རང་སྐྱོང་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་བོད་བྱ་དང་བོད་ཕག་སོགས་ཁྱད་ལྡན་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་འབྲེལ་རྒྱུ་ཆ་འདེབས་འཛུགས་དང་། གཟན་ཆག་ལས་སྣོན། གསོ་ཚགས་ཀྱི་ཐོག་མའི་ལས་སྣོན། ཟོག་འགྲེམས་སོགས་ཐོན་ལས་འཕེལ་རྒྱས་བཏང་བར་བརྟེན་བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ངའི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་སོང”ཞེས་གསུངས།