མ་འཇོག་བྱེད་ཤུགས་དང་ཚན་རིག་ཞིབ་འཇུག་གི་ནུས་པ་ལོ་རེ་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས། རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་གྱི་གོང་འཕེལ་ཆུ་ཚད་མཐོ་རུ་འགྲོ་བའི་ལམ་བུའི་ཐོག་སླེབས་ཡོད་པ་རེད། གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། རང་ལྗོངས་ཀྱིས་ལོ་ལྔ་ཚན་བཅུ་གཉིས་པའི་རིང་རྣམ་གྲངས༧༧༦ དང་སྤྱིའི་མ་འཇོག་སྒོར་དུང་ཕྱུར༦.༧༢ ཟིན་པའི་ཚན་རྩལ་གསར་གཏོད་དང་ལས་སྟེགས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་། རྣམ་གྲངས༤༢ལ་ཚལ་རྩལ་གྲུབ་འབྲས་ཐོབ་པ་དང་རྣམ་གྲངས༢༠ ལ་ཆེད་ཁེའི་ཐོབ་ཐང་རགས་ནས། གངས་ལྗོངས་ས་མཐོའི་ཞིང་འབྲོག་ལས་ཐོན་འཕར་ནུས་འཕར་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུར་ཚན་རྩལ་གྲུབ་འབྲས་ཀྱི་འདེགས་སྐྱོར་ཆེན་པོ་ཐོབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ལྔ་ཙམ་རིང་རང་ལྗོངས་ཀྱིས་འབྲུ་སྣུམ་ལོ་ཏོག་དང་། སྒོ་ཕྱུགས་དང་ཁྱིམ་བྱ། འབྲོག་རྩྭ། སྔོ་ཚལ། འབྲས་ཤིང་། ཟས་སྤྱོད་ཤ་མོ་སོགས་ཞིང་འབྲོག་ལས་རིགས་ཀྱི་སྣེ་རིགས་གསར་པ༣༢ འདེམས་གསོ་བྱས་པ་དང་། ཞིང་ལས་ལོ་ཏོག་གི་ས་བོན་གསར་པ༡༦ ཞིབ་བཤེར་གཏན་འཁེལ་བྱས་པ། ལྷ་སའི་བྱ་དེ་དཀར་པོ་དང་རུ་ཐོག་གི་ཁུ་ལུ་དཀར་པོའི་ར་སོགས་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་གསར་པ་གཉིས་གསོ་སྤེལ་བྱས་པ། འབྲོག་རྩྭའི་སོན་གསར་གཅིག་ཞིབ་བཤེར་གཏན་འཁེལ་བྱས་པ་བཅས་མ་ཟད། སྣེ་རིགས་གསར་པ་དང་རིགས་རྒྱུད་གསར་པ་གསོ་སྤེལ་ནུས་པ་ཆེ་རུ་འགྲོ་བ་དང་བསྟུན་ཏེ། རང་ལྗོངས་ཀྱི་ཞིང་འབྲོག་ལས་ལ་ཐོན་འཕར་ཆེན་པོ་བྱུང་བ་དང་ཆབས་ཅིག་ཁྲོམ་རར་ཡང་མཁོ་སྤྲོད་གསར་པ་ཁ་སྣོན་བྱུང་ཡོད་པ་རེད།
ཞིང་འབྲོག་ཚན་རྩལ་ལ་ཐོབ་པའི་གྲུབ་འབྲས་དེས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་ཐད་ཀར་སྐུལ་འདེད་ཐེབས་ཡོད། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་དབུ་འཛིན་ཉི་མ་བཀྲ་ཤིས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། ཉེ་བའི་ལོའི་ནང་ལྗོངས་ཡོངས་ཀྱིས་བོད་ནས་ཨང་༢༠༠༠ སོགས་ལོ་ཏོག་ཀྱི་ས་བོན་གསར་པ་མུའུ་ཁྲི་ཚོ༡༧༠.༦ ཁྱབ་གདལ་བཏང་བ་དང་། ན་ནིང་གཅིག་པུར་བོད་ནས་ཨང་༢༠༠༠ འདེབས་ཁྱོན་གྱིས་ལྗོངས་ཡོངས་ཀྱི་ནས་འདེབས་རྒྱ་ཁྱོན་གྱི་བརྒྱ་ཆ༤༠ ཡན་བཟུང་ཡོད་པ་རེད། ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལྗོངས་ཡོངས་ཀྱིས་ནུས་མཐོའི་གསོ་སྤེལ་ལག་རྩལ་སྤྱད་དེ་སྒོ་ཕྱུགས་དང་ཁྱིམ་བྱ་མགོ་གྲངས་ཁྲི་ཚོ༡༧.༥དཔེ་སྟོན་གསོ་སྤེལ་བྱས་པ་དང་། ནུས་མཐོའི་འདེབས་འཛུགས་ལག་རྩལ་སྤྱད་དེ་གཟན་རྩྭ་མུའུ་ཁྲི་ཚོ༢༥ འདུས་གྲུབ་དཔེ་སྟོན་འདེབས་འཛུགས་བྱས་པ་མ་ཟད། ཚད་གཞི་ཅན་གྱི་ཐོན་སྐྱེད་ལག་རྩལ་ལ་བརྟེན་ནས་སྔོ་ཚལ་དང་ཤིང་འབྲས་མུའུ་ཁྲི༣.༦ དཔེ་སྟོན་འདེབས་འཛུགས་བྱས་ཡོད་པ་རེད།
གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། རང་ལྗོངས་ཀྱིས་ཁྱོན་དཔེ་སྟོན་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་ལྡན་པའི་ཚན་རྩལ་གྲུབ་འབྲས་དངོས་སྒྱུར་དཔེ་སྟོན་རྟེན་གཞི ༡༤ བཙུགས་པ་དང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དང་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་། ནག་ཆུ་ས་ཁུལ་དཔལ་མགོན་རྫོང་སོགས་སུ་ཚན་རྩལ་གྲུབ་འབྲས་དངོས་སྒྱུར་དཔེ་སྟོན་དུད་ཚང་ཆེ་གྲས ༧༠ སྐྱེ་བསྲིང་བྱས་ཡོད་པ་རེད།།