དབུ་ཤོག>ཞིང་འབྲོག་གསར་པ།
  • ​ 《ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-24

    ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཤིང་། 《བསམ་འཆར》ནང་གྲོང་ཁྱེར་འཛུགས་སྐྲུན་དང་། འགྲིམ་འགྲུལ། ཆུ་བེད་སོགས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་དང་། ངལ་རྩོལ་མང་འདུས་ཅན་ལས་སྣོན་བཟོ་སྐྲུན། བཟའ་འཐུང་ཞབས་ཞུ་སོགས་ཁྲོད་གླ་ཕོགས་འགྱངས་ཆད་གནད་དོན་ཐོན་སླ་བའི་ལས་རིགས་གཙོ་གནད་དུ་བྱས་ཏེ་འབྱུང་རྩ་ནས་སྔོན་འགོག་དང་། འགུལ་རྣམ་ལྟ་སྐུལ་དོ་དམ། ཁ་དན་ཚིག་ལ་མ་གནས་པ་བསླབ་འདོམས་བཅས་ཕན་ཚུན་ཟུང་དུ་འབྲེལ་བའི་ལམ་ལུགས་ཀྱི་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁྲོམ་རའི་བྱེད་པོས་རང་འདོམས་དང་། སྲིད་གཞུང་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ། སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་ལྟ་སྐུལ། ཁྲིམས་འཛིན་གྱིས་མཉམ་འགུལ་ཆད་གཅོད་བཅས་ཀྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། 2020ལོར་སླེབས་སྐབས་ལམ་ལུགས་འཐུས་ཚང་དང་། འགན་འཁྲི་དོན་འཁྱོལ། ལྟ་སྐུལ་དོ་དམ་ནུས་ལྡན་བཅས་ཀྱི་བཅོས་སྒྲིག་བཀོད་པ་ཞིག་ཆགས་པ་བྱས་ནས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་གནད་དོན་རྩ་བའི་ཆ་ནས་བཀག་འགོག་ཐུབ་སྟེ་གཞི་རྩའི་ཐོག་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་མི་ཐོན་པ་མངོན་འགྱུར་ཐུབ་རྒྱུ་རེད།

    《བསམ་འཆར》ནང་། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རྒྱ་ཆེའི་ཞིང་པ་ལས་མིའི་རྩ་བའི་ཁེ་ཕན་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད། ལོ་མང་རིང་བཅོས་སྒྲིག་བྱས་པ་བརྒྱུད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མོད། འོན་ཀྱང་གནད་དོན་དེ་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་མེད། ལས་རིགས་ཁག་གཅིག་དང་ལྷག་པར་དུ་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གླ་ཕོགས་འགྱངས་ཆད་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་དང་། སྲིད་གཞུང་གིས་མ་འཇོག་བྱས་པའི་ལས་གྲྭའི་རྣམ་གྲངས་ཁག་གཅིག་ཁྲོད་ཚད་གཞི་མི་འདྲ་བའི་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་གནད་དོན་ཐོན་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་བསྟན་ཡོད།

    《བསམ་འཆར》ནང་། ཁེ་ལས་ཀྱི་གླ་ཕོགས་སྤྲོད་པའི་བྱ་སྤྱོད་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་དགོས་ཤིང་། གླ་ཕོགས་སྤྲོད་མཁན་གྱི་ཕྱོགས་ཁག་གི་བྱེད་པོའི་འགན་འཁྲི་གསལ་པོ་བཟོས་ཏེ་ཁེ་ལས་ཀྱིས་ཞིང་པ་ལས་མི་བསྡུ་སྤྱོད་ཀྱི་གླ་ཕོགས་སྤྲོད་པའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ལས་གྲྭ་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཁྲོད་ཨར་ལས་འགན་གཙང་ཁེ་ལས་ཀྱིས་འགན་གཙང་བླངས་པའི་ལས་གྲྭའི་རྣམ་གྲངས་ཀྱི་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་འགན་ཁུར་དགོས། ངལ་རྩོལ་ཐད་ཀྱི་མི་སྤྱོད་དོ་དམ་ཚད་ལྡན་དུ་གཏོང་དགོས། རིགས་ཁག་གི་ཁེ་ལས་ཀྱིས་ཁྲིམས་ལྟར་ཞིང་པ་ལས་མི་དང་ངལ་རྩོལ་གན་རྒྱ་འཇོག་པ་དང་འབྲེལ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་སྟེ་ལས་བཟོའི་མིང་ཐོ་བཟོ་བ་དང་འབྲེལ་ངལ་རྩོལ་ལས་མི་ཐོ་འགོད་བྱེད་དགོས། ལས་གྲྭ་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཁྲོད་ཞིང་པ་ལས་མིར་མིང་ངོ་མའི་ལམ་ལུགས་ཀྱི་དོ་དམ་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས། ཨར་ལས་འགན་གཙང་ཁེ་ལས་ཀྱིས་ཁག་བགོས་འགན་གཙང་ཁེ་ལས་ལ་ངལ་རྩོལ་མི་སྤྱོད་དང་གླ་ཕོགས་སྤྲོད་པའི་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་ལས་གཤམ་ལ་འགན་གཙང་སྤྲད་དེ་དོ་དམ་མི་བྱེད་པ་བྱེད་མི་རུང་། དངུལ་ཁང་གིས་གླ་ཕོགས་ཚབ་སྤྲོད་ལམ་ལུགས་ཁྱབ་གདལ་བཏང་ནས་རིགས་ཁག་གི་ཁེ་ལས་ཀྱིས་དངུལ་ཁང་ལ་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་དུ་འཇུག་རྒྱུར་སྐུལ་འདེད་གཏོང་དགོས། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཁྲོད་ཁག་བགོས་འགན་གཙང་ཁེ་ལས་ཀྱི་ཞིང་པ་ལས་མིའི་གླ་ཕོགས་ཨར་ལས་འགན་གཙང་ཁེ་ལས་ཀྱིས་ཐད་ཀར་ཚབ་སྤྲོད་བྱེད་དུ་འཇུག་པའི་བྱ་ཐབས་ལག་ལེན་བསྟར་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད།

    《བསམ་འཆར》ནང་། གླ་ཕོགས་སྤྲོད་པའི་ལྟ་སྐུལ་ཚོད་འཛིན་དང་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་གླ་ཕོགས་སྤྲོད་པའི་ལྟ་སྐུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གླ་ཕོགས་འགན་ལེན་མ་དངུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་པ་ལས་མིའི་གླ་ཕོགས(ངལ་ལས་གླ་ཆ)ཀྱི་ཆེད་སྤྱོད་རྩིས་ཁྲ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འགྱངས་ཆད་བྱས་པའི་གླ་ཕོགས་གཙང་སྤྲོད་འགན་འཁྲི་དོན་འཁྱོལ་བཅས་བྱེད་དགོས། ཁེ་ལས་ཀྱི་གླ་ཕོགས་སྤྲོད་པའི་ཡིད་རྟོན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་ཁྲིམས་སྲུང་ཁ་དན་ཚིག་གནས་ཀྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གླ་ཕོགས་འགྱངས་ཆད་བྱས་པའི་ཁེ་ལས་ཀྱི“མིང་ཐོ་ནག་པོའི”ལམ་ལུགས་འཛུགས་པ་བཅས་བྱས་ནས་ཁེ་ལས་ཀྱིས་གླ་ཕོགས་འགྱངས་ཆད་བྱས་པ་སོགས་ཁྲིམས་འགལ་ཆ་འཕྲིན་དག་འབྲེལ་ཡོད་སྡེ་ཚན་གྱི་ཡིད་རྟོན་མ་ལག་ནང་བླུགས་དགོས། ཁེ་ལས་ཀྱི་ཡིད་རྟོན་ཤོར་བའི་མཉམ་འབྲེལ་བསླབ་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་ལས་ཀྱི་ཡིད་རྟོན་ཤོར་བའི་བྱ་སྤྱོད་ཐད་སྡེ་ཚན་གྱིས་ཐུན་མོང་ཐོག་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་ཐོག་བསླབ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གླ་ཕོགས་འགྱངས་ཆད་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་གླ་ཕོགས་འགྱངས་ཆད་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་དུས་མཚུངས་གླ་ཕོགས་འགྱངས་ཆད་ཀྱི་རྩོད་གླེང་ཆེ་བའི་གྱོད་གཞི་ཐག་གཅོད་བྱས་ཐོག་གླ་ཕོགས་འགྱངས་ཆད་ཀྱི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གླ་ཕོགས་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གླ་ཕོགས་འགྱངས་ཆད་ཀྱི་འགན་ལེན་མ་དངུལ་ལམ་ལུགས་འཚོལ་ཞིབ་བྱས་ཏེ་འཛུགས་དགོས་པ་བཅས་བསྟན་ཡོད་པ་རེད།

    《བསམ་འཆར》ནང་། འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལས་གྲྭའི་མ་དངུལ་གཏོང་སྤྲོད་དོ་དམ་དང་མི་སྤྱོད་སྟངས་ལེགས་སུ་གཏོང་དགོས་ཤིང་། མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་གྲྭའི་མ་དངུལ་གཏོང་སྤྲོད་ཁག་ཐེག་ལམ་ལུགས་ཁྱབ་གདལ་བཏང་ནས་ལས་གྲྭའི་མ་དངུལ་འགྱངས་ཆད་སྔོན་འགོག་བྱེད་དགོས་པ་དང་། ལས་གྲྭའི་མ་དངུལ་གཏོང་སྤྲོད་དང་བསྡོམས་རྩིས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་འཛུགས་སྐྲུན་རྣམ་གྲངས་ཀྱི་གཏའ་འཇོག་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་དགོས་པ། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མི་སྤྱོད་སྟངས་སྒྱུར་བཅོས་བཏང་སྟེ་ཆ་རྐྱེན་ཡོད་པའི་ངལ་ལས་ལས་སྒྲུབ་ཚོགས་ཆུང་སྣེ་ཁྲིད་དེ་ཆེད་ལས་ཁེ་ལས་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས་པ། ཨར་ལས་བྱ་ཡུལ་གྱི་ཁེ་དབང་སྲུང་སྐྱོང་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་ལག་ལེན་བསྟར་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཁོངས་གཏོགས་ཁུལ་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པ། སྡེ་ཚན་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལུགས་འཛུགས་སྐྱོང་ཐད་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།