དབུ་ཤོག>ཞིང་འབྲོག་གསར་པ།
  • ​ 2015ལོར་སྨར་ཁམས་རྫོང་གིས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-22

    སྨར་ཁམས་ནི་མཛེས་སྡུག་ཡིད་དུ་འོང་བའི་ཡུལ་ཞིག་ཡིན་ལ་བོད་ཤར་རྒྱུད་ཀྱི་རྒྱལ་སྒོ་དང་། ཆབ་མདོའི་ཕྱི་ཕྱོགས་སྒོ་དབྱེ་དང་སྤེལ་རེས་ཀྱི་སྐར་ཁུང་གལ་ཆེན། “ཇ་རྟ་ཚོང་ལམ”ནས་བོད་དུ་ཡོང་སྐབས་བརྒྱུད་དགོས་ངེས་ཀྱི་གྲོང་རྡལ་གལ་ཆེན། “ནུབ་གློག་ཤར་འདྲེན”གྱི་འབྲེལ་མཐུད་ནུས་རྒྱུའི་རྟེན་གཞི། བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོར་བཀྲག་མདངས་ཤིན་ཏུ་འཚེར་བའི་མུ་ཏིག་ལྟ་བུ་བཅས་རེད།

    འབྱོར་འབྲིང་དུ་སླེབས་ཡོད་མེད་ཀྱི་འགག་རྩ་ནི་མི་སེར་ལ་ལྟ་དགོས་ཤིང་། མིག་སྔར་སྨར་ཁམས་རྫོང་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགག་རྩའི་དུས་སྐབས་སུ་སླེབས་ཏེ་གྲོང་གསེབ་འཛུགས་སྐྲུན་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ནང་དོན་གལ་ཆེན་ཞིག་རེད། 2015ལོར་སྨར་ཁམས་རྫོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི“ཡིག་འབྲུ་ཉི་ཤུ”ཡི་བྱེད་ཕྱོགས་ལ་དམ་པོར་དམིགས་ཏེ་དངོས་འཛིན་དངོས་སྒྲུབ་བྱས་ནས་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་། ཞིང་འབྲོག་པར་འབབ་འཕར། ཞིང་འབྲོག་ཁུལ་བརྟན་ལྷིང་བཅས་ལྟེ་བར་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པ། མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱེད་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འདེགས་སྐྱོར་དུ་བྱེད་པ། སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་རྫོང་ཕྱུག་འགྱུར་བྱ་རྒྱུ་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ཐོག་ནས“ཀྲུང་གོའི་ཁྱད་ཆོས་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས། སྨར་ཁམས་ཀྱི་ལེགས་ཆ”བཅས་ལྡན་པའི་གྲོང་གསེབ་གསར་པ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།

    འཆར་འགོད་དང་ཁྱད་ཆོས་ལ་དོ་སྣང་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་བསྐྲུན་ཞིང་། སྨར་ཁམས་རྫོང་གིས་མིག་རྒྱང་རིང་བའི་གཅིག་གྱུར་འཆར་འགོད་དང་འཆར་འགོད་སྣེ་ཁྲིད་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་གཅིག་འདོམས་སུ་བྱེད་པ་དང་། སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ། འགྲིམ་འགྲུལ་མ་ལམ་གྱིས་སྒྲོམ་གཞི་བྱེད་པ་བཅས་ཀྱི་ཐོག་ནས“འཆར་འགོད་ཀྱིས་ཁྱབ་པ་དང་། ཞིབ་མཆན་གོ་རིམ་ཡོད་པ། ཚད་ལྡན་གྱི་ཇུས་འགོད་ཡོད་པ། སྔོ་འགྱུར་མཛེས་བཟོ་ཡོད་པ། མི་རིགས་ཀྱི་ཁྱད་ཆོས་ཡོད་པ། ཞིབ་བཤེར་རྩིས་ལེན་ཡོད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་། ཡུལ་བབ་དང་བསྟུན་ནས“གྲོང་ཚོ་རེར་སྤུས་རྟགས་རེ་ཡོད་པའི”བྱེད་ནུས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཕྱོགས་ཡོངས་ནས་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ལ་བརྟེན་ནས་ཁྱད་ལྡན་གྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

    སྒར་ཐོག་གྲོང་ཚོ་དང་། འཕུར་ལ་གྲོང་ཚོ། འདན་པ་གྲོང་ཚོ། རོང་ཤོད་ཡུལ་སྐོར་གྲོང་རྡལ་ཆུང་ངུ་སོགས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་ཡུལ་དང་། ཚོ་རྔ་གྲོང་ཚོ་དང་། རི་ཤོད་གྲོང་ཚོ། ཁུར་ཚུར་གྲོང་ཚོ། གྲོང་རི་གྲོང་ཚོ། ཐང་རྩ་གྲོང་ཚོ་སོགས་གེགས་རྗེས་ཀྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྲལ་སྟར་སྒྲིག་པ་དང་། འཆར་འགོད་ལུགས་མཐུན། ལེ་ལག་འཐུས་ཚང་བཅས་ཀྱི་གྲོང་ཚོ་གསར་པ་གོ་རིམ་ལྡན་པའི་ངང་སྨར་ཁམས་ཀྱི་ས་གཞི་ཆེན་པོའི་ཐོག་ཕྲ་ལྷམ་མེར་ཐོན།

    སྐྱིད་སྣང་དོད་པ་དང་ཁྱད་ཆོས་མངོན་གསལ་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྲུན་ཞིང་། ཤོད་རྒྱུན་དུ“བདེ་སྡོད་བྱུང་ཚེ་གཞི་ནས་ལས་བརྩོན་ཐུབ”ཅེས་པ་ལྟར་རེད། ཡངས་ཤིང་དཀར་ཆ་དོད་ལ་སྐྱིད་སྣང་དོད་པའི་སྡོད་ཁང་ཞིག་ནང་སྡོད་རྒྱུ་ནི་ཞིང་འབྲོག་མང་ཚོགས་ཚོའི་ཚེ་གང་གི་ཕུགས་འདུན་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་གལ་ཆེན་ཡང་རེད།

    སྨར་ཁམས་རྫོང་དུ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་མང་ཚོགས་ཀྱིས་གཙོ་བོ་བྱེད་པ་དང་། སྲིད་གཞུང་གིས་སྐུལ་འདེད་གཏོང་བ། དངོས་ཐོག་བདེན་འཚོལ། འཁོས་དཔག་ལས་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཁར་སྲིད་གཞུང་གི་ལེ་ལག་ཚང་བའི་ཞོར་གཏོགས་སྒྲིག་ཆས་དང་སྡོད་ཁང་གི་ཁ་གསབ་སྒོར་ཁྲི་8ལ་བརྟེན་པ་ཕུད། དེ་བྱིངས་ཀྱི་མ་དངུལ་སོ་སོས་རང་གྲབས་བྱེད་པའི་ཐབས་ལམ་སྤྱད་ཡོད། དེ་དང་ཕྱོགས་མཚུངས་ཞིང་དུད་ཕལ་ཆེ་བར་མ་དངུལ་གྲབས་གསོག་ཐད་དཀའ་ངལ་ཡོད་པར་དམིགས་ཏེ་སྲིད་གཞུང་གིས་ཕྱོགས་གཅིག་ནས་མང་ཚོགས་རང་མགོ་རང་ཐོན་དང་། ཁྱིམ་མཚེས་དབར་རོགས་རམ། ངལ་རྩོལ་ནང་ཞུགས་པ་བཅས་ཀྱི་སྐུལ་སློང་བྱས་པ་དང་། གཅིག་ཤོས་ནས་དམངས་ཕན་སྲིད་ཇུས་བཟོས་པ་དང་དངུལ་རྩའི་སྒྲིག་གཞིར་དངུལ་བུན་ཧུར་ཐག་གཏོང་རྒྱུའི་སྐུལ་སློང་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཁར། དུད་ཚང་རེར་ཆ་སྙོམས་དངུལ་བུན་སྒོར་ཁྲི་5ཙམ་བཏང་སྟེ་མ་དངུལ་འདང་ངེས་ལ་བརྟེན་ནས་མང་ཚོགས་ཀྱི་སྡོད་ཁང་ཡག་པོ་ཞིག་རྒྱག་ཐུབ་པ་བྱས་ཡོད།

    མིག་སྔར་རྫོང་ཡོངས་སུ་གྲོང་གསེབ་གསར་པའི་འདུས་སྡོད་བྱ་ཡུལ་ཁག་5དང་གེགས་རྗེས་བཀོད་སྒྲིག་བྱ་ཡུལ་ཁག་5བསྐྲུན་ཟིན་པ་དང་། སྡོད་ཁང་510གསར་སྐྲུན་བྱས་པ། ཁང་པ་རྙིང་པ་749ཉམས་བཟོ་སྒྱུར་བཀོད་བྱས་པ། འགན་ལེན་རང་བཞིན་གྱི་སྡོད་ཁང་1849གསར་སྐྲུན་བྱས་པ། གྲོང་མིའི་སྤྱི་པའི་ཞབས་ཞུ་ལྟེ་གནས་7དང་། རིག་གནས་སྒྱུ་རྩལ་ལྟེ་གནས་1དང་། པི་ཝང་ཞབས་བྲོ་ཁང་1 རིག་གནས་ས་ཚིགས་16 ཞིང་པའི་དཔེ་དེབ་ཁང་114 བུ་བཅོལ་ཁང་44 བཅས་སྐྲུན་པ་དང་། དེ་བཞིན་ཐོན་ལས་གླིང་ཆེ་གྲས་1དང་། གྲོང་ཁྱེར་གྱི་ལམ་ཁག་10 ཞིང་ལས་ཉོ་ཚོང་ཁྲོམ་ར་2 བཅས་བསྐྲུན་པ། མ་དངུལ་སྒོར་དུང་ཕྱུར་3.19བཏང་ནས་ཤང་གྲོང་8ཀྱི་སྲིད་འཛིན་གྲོང་ཚོ་19ལ་ཞིང་དྲ་རིམ་སྤར་གྱི་སྒྱུར་བཀོད་བྱས་པ། མ་དངུལ་སྒོར་ཁྲི་2492.58བཏང་ནས་མང་ཚོགས་ཀྱི་འཐུང་ཆུ་དང་གློག་གི་གནད་དོན་ཐག་གཅོད་བྱས་པ། ཞིང་ཆུ་འདྲེན་ཁྱོན་མུའུ་2850གསར་འཕར་བྱུང་ནས་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་ཁྱབ་གདལ་གཏོང་ཚད་96%ཟིན་པ། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་1178.3ཟིན་པ། རྫོང་གྲོང་གི་ཆུ་མཁོ་འདོན་དང་། བཙོག་ཆུ་ཕྱིར་འབུད། སྣུམ་ནག་ལམ། གློག་སྒྲོན། སྔོ་འགྱུར་སོགས་ཞོར་གཏོགས་སྒྲིག་བཀོད་རིམ་སྤར་སྒྱུར་བཀོད་ནུས་ཤུགས་ཡོད་རྒུས་ལེགས་གྲུབ་བྱས་པ། ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ་གཙང་སྦྲ་བྱེད་པའི་ལམ་སྲོལ་ནུས་ལྡན་བཙུགས་ཡོད། སྨར་ཁམས་རྫོང་གྲོང་ས་ཁོངས་ཀྱི་ལྟེ་བའི་རྒྱ་ཁྱོན་རྒྱ་ཆེར་ནུས་ལྡན་སོང་ནས་སྤྱི་ལེ་ངོས་གྲུ་3.28བར་མང་དུ་ཕྱིན་ཡོད།

    ད་ཆ་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་། བཀོད་སྒྲིག་ལུགས་མཐུན། ལེ་ལག་འཐུས་ཚང་བཅས་ཀྱི“འབྱོར་འབྲིང་ཁང་པ”སྟར་པ་རེ་རེ་བཞིན་འབུར་དུ་ཐོན་ཡོད། རི་སྟེང་དུ་ཁ་བས་བཀླུབས་པ་དང་རི་གཤམ་དུ་འཛུགས་སྐྲུན་ལས་ལ་བྲེལ་བའི་འཕྲུལ་འཁོར་གྱི་འུར་སྒྲས་ཁེངས་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་ཡུལ་གྱི་ཕྱོགས་གང་ས་ནས་བྲེལ་འཚུབ་དང་འཁྲུག་ཆ་དོད་པའི་རྣམ་པ་མཐོང་རྒྱུ་ཡོད།

    རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་མི་འཚོ་སྡོད་ཁོར་ཡུག་ལེགས་སུ་ཕྱིན་ནས་ཞིང་འབྲོག་པ་རྣམས་སྣུམ་ནག་ལམ་དུ་བསྐྱོད་རྒྱུ་བྱུང་བ་དང་། གྲོང་ཚོའི་ནང་ལམ་སྒྲོན་བསྒར་བ། དུད་ཚང་ཀུན་ལ་དྭངས་གཙང་ཆུ་འཐུང་རྒྱུ་བྱུང་བ། བློ་བདེའི་གློག་སྤྱོད་རྒྱུ་བྱུང་བ། སྙིང་གཏམ་ཤོད་ས་ཡོད་པ་བཅས་བྱུང་ཡོད། སྒོ་རའི་རྒྱབ་མདུན་གཙང་ཞིང་གྲོང་ཚོའི་རྣམ་པ་གསར་པ་དེ་མི་ཚོའི་མཐོང་ཆོས་གསར་པར་གྱུར་ནས་ཤེས་དཔལ་འཆམ་མཐུན་གྱི་རྣམ་པ་ཞིག་མངོན་ཡོད།

    ད་ཆ་སྨར་ཁམས་རྫོང་གི་དཔལ་འབྱོར་གོང་འཕེལ་མྱུར་པོ་དང་། ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་སོང་བ། རིག་གནས་ཀྱིས་མི་སེམས་གཅིག་ཏུ་འགྲིལ་བ། སྣོད་བཅུད་བཟང་བ། སྤྱི་ཚོགས་དུས་བདེ་ཞི་མཐུན་བཅས་བྱུང་ནས། དེ་བས་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།