དབུ་ཤོག>ཞིང་འབྲོག་གསར་པ།
  • ​ བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་སུའོ་ཡི་ཞིང་ལས་ཐོན་སྐྱེད་ཀྱི་མཐོང་ཐོས་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2016-01-20

    231.jpg

    འདི་ནི་ཟླ་1ཚེས་14ཉིན་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་ཁང་དངོས་སྦྱོང་གི་ཞིབ་འཇུག་པ་ཀྲའོ་ཀོན་ཕེ་ཡིས་ལངས་གཟུགས་ཆུ་གཏོར་གསོ་སྤེལ་དྲོད་ཁང་ནང་སྔོ་ཚལ་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།

    ཟླ་1ཚེས་14ཉིན་ནི་དགུ་འདྲེན་པའི་སྒང་ཡིན་པས་ལྷ་སའི་ཉེ་འདབས་སུ་གྲང་ངར་ལྷང་ལྷང་ལྡང་། འོན་ཏེ་གསར་འགོད་པ་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ནུས་ཆེའི་ཉི་འོད་དྲོད་ཁང་ནང་འཛུལ་སྐབས་གཟུགས་པོ་ཡོངས་དྲོ་སོབ་སོབ་ཀྱི་ཚོར་སྣང་བྱུང་། མི་ཚད་ཙམ་གྱི་འདེབས་འཛུགས་གཞི་སྒྲོམ་སྟར་པ་མང་པོ་ཡོད་པ་དང་། དེའི་ཐོག་འབྲི་ཏ་ས་འཛིན་མང་པོ་ཡོད་པ་མཐོང་བྱུང་།

    རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཀྲུའུ་རུང་ཅེས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོའི་ཟླ་བ་བརྒྱད་པར་འབྲི་ཏ་ས་འཛིན་གྱི་སྡོང་སོན་གསར་པ་ནང་འདྲེན་བྱས་པ་དང་། མིག་སྔར་འདེབས་འཛུགས་ལ་གྲུབ་འབྲས་ཐོབ་ཡོད། ཟླ་གསུམ་ཙམ་སྐྱེ་འཚར་བྱུང་ནས་2015ལོའི་ཟླ་བཅུ་གཅིག་པར་འབྲས་བུ་འདོགས་འགོ་ཚུགས་པ་དང་། མིག་སྔར་ལྷ་སའི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞི་ཁག་འབྲས་བུ་འཐུ་བའི་དུས་སུ་སླེབས་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་བྱས་སྟབས་དུས་ཚིགས་བཞི་པོ་ཚང་མར་འབྲི་ཏ་ས་འཛིན་སྐྱེ་བ་དང་དགུན་དུས་སུའང་འབྲི་ཏ་ས་འཛིན་སོས་པ་འཐུ་རྒྱུ་ཡོད་སྟབས་ལྷ་སའི་གྲོང་མིའི་ཤིང་འབྲས་སྣ་ཁ་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་ནི་སྨོས་མེད་རེད།

    ཀྲུའུ་རུང་ཅེས་ང་ཚོའི་འབྲི་ཏ་ས་འཛིན་ནི་གཞན་དང་མི་འདྲ་བར་དངོས་འབྲེལ་ལྷད་མེད་ཐོན་རྫས་རེད་ཅེས་འཛུམ་དམུལ་དམུལ་ངང་བཤད་བྱུང་། ཁོང་གིས“འབྲི་ཏ་ས་འཛིན་དེའི་མིང་ལ་འབྲི་ཏ་ས་འཛིན་དམར་པོ་ཟེར་བ་དང་ཆེད་མངགས་རི་པིན་ནས་ནང་འདྲེན་བྱས་པ་ཞིག་རེད། མདོག་དམར་ལ་འོད་ཆེ། དེ་བས་གལ་ཆེ་བ་ཞིག་ནི་ས་མེད་ལངས་གཟུགས་འདེབས་གསོའི་ལག་རྩལ་སྤྱད་པས་ས་ནས་མཆེད་པའི་ན་ཚ་མེད་པ་དང་འདེབས་འཛུགས་བྱེད་རིང་དངོས་ཁམས་ཀྱི་ཐོག་ནས་འབུ་གསོད་པ་དང་ཞིང་སྨན་མ་བརྒྱབ་སྟབས་འཐུ་མ་ཐག་ཟ་ཆོག”ཅེས་བཤད་པ་དང་། ཁོང་གིས་འབྲི་ཏ་ས་འཛིན་གཉིས་འཐུས་ནས་ངེད་གཉིས་ལ་རེ་རེ་བཟའ་་བཅུག་བྱུང་།

    ས་མེད་ལངས་གཟུགས་འདེབས་འཛུགས་ལག་རྩལ་ལ་ས་རྒྱུ་མི་དགོས་པས་བར་མཐོངས་སྤྱོད་ཚད་དང་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་སོང་ཡོད།སྲོལ་རྒྱུན་གྱི་མུའུ་གཅིག་ལ་སྡོང་རྐང་8000ཙམ་འདེབས་འཛུགས་བྱེད་ཆོག་པ་དང་། ས་མེད་ལངས་གཟུགས་འདེབས་འཛུགས་མུའུ་གཅིག་ལ་སྡོང་རྐང་13000ཙམ་འདེབས་ཆོག་པ་དང་སྦྲགས་ཆུ་དང་ལུད་རྒྱག་དགོས་ཀྱི་མེད་ཅེས་འགྲེལ་བཤད་བརྒྱབ་བྱུང་།

    2004ལོར་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིང་འབྲོག་མང་ཚོགས་ཚན་རྩལ་གསོ་སྦྱོང་ལྟེ་གནས་བཙུགས་པ་ནས་བཟུང་། སྔ་རྗེས་སུ་གསོ་སྦྱོང་གི་ཆེད་དངུལ་སྒོར་ཁྲི་2935རེ་ཞུ་དང་བརྩོན་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་དུ་ཞིང་འབྲོག་མང་ཚོགས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་100ལྷག་ཙམ་གཉེར་ནས་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་10ཙམ་གསོ་སྦྱོང་བྱས་ཡོད། ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཚབ་བྱེད་པའི་བོད་ལྗོངས་ཞིང་འབྲོག་ཚན་རྩལ་ལས་དོན་ཚན་པས་རང་ལྗོངས་ཀྱི་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་མ་གཏོང་རྒྱུར་ནུས་པ་གལ་ཆེན་བཏོན་ཏེ་ཞིང་འབྲོག་ལས་ལ་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད“ལོ་ལྔ་ཚན་བཅུ་པའི”ལོ་མཇུག་གི་36%ནས་མིག་སྔའི་50%བར་མཐོ་རུ་སོང་བ་དང་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་ཚད་85%ལོན་ཡོད།

    རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རྩལ་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཕན་ཆེའི་ཉི་འོད་དྲོད་ཁང་ནང་གསར་འགོད་པར་འབྲི་ཏ་ས་འཛིན་འདེབས་འཛུགས་བྱེད་པའི་ཚན་རྩལ་གྱི་ཚོར་སྣང་བྱུང་བ་མ་ཟད་ད་དུང་སྔོ་ཚལ་དང་། ཀྭ་རིགས། སྲོ་ལོ་སྔོན་པོ་བཅས་ས་མེད་འདེབས་འཛུགས་བྱས་པའང་མཐོང་བྱུང་། དེ་དག་ཚང་མ་ནི་བོད་ཀྱི་དེང་དུས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་མཚོན་བྱེད་ཡིན་པ་དང་། ཕན་ཆེ་དང་། ཚན་རིག་དང་མཐུན་པ། སྣོད་བཅུད། སྦགས་བཙོག་མེད་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

    ཀྲུའུ་རུང་ཅེས་གསར་འགོད་པར“འབྲི་ཏ་ས་འཛིན་དམར་པོའི་ངོས་ནས་བརྗོད་ན་སྲོལ་རྒྱུན་གྱི་འདེབས་འཛུགས་དང་བསྡུར་ན་མུའུ་གཅིག་ལ་འདེབས་འཛུགས་བྱེད་པའི་སྡོང་རྐང་ལྡབ་གཅིག་ཙམ་མང་དུ་སོང་བ་དང་། དུས་ཚིགས་བཞི་པོ་ཚང་མར་འབྲས་བུ་བཏགས་པས་ཐོན་ཚད་ལྡབ་བཞི་ལྷག་ཙམ་མཐོ་བ་ཡོད། འདེབས་འཛུགས་བྱེད་སྟངས་དེ་ལྟ་བུའི་ཐོན་ཚད་དང་སྤུས་ཚད་མཐོ་རུ་སོང་བར་བརྟེན་རིན་གོང་ཡང་མཐོ་རུ་སོང་ཡོད། ལྷ་སའི་འབྲི་ཏ་ས་འཛིན་དཀྱུས་མ་རྒྱ་མ་རེའི་རིན་གོང་སྒོར་50ཙམ་ཡིན་པ་དང་འོན་ཏེ་ང་ཚོ་འདི་གའི‘ལྷད་མེད་འབྲི་ཏ་ས་འཛིན’རྒྱ་མ་རེར་སྒོར་120རག་པ་མ་ཟད། བྲིན་ཁ་ཡང་ཧ་ཅང་རྒྱུག་པོ་ཡོད”ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།