ད་ལོའི་ཚུན་དུ་ནག་ཆུ་ས་ཁུལ་གྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུས་གཙོ་གནད་བྱེད་པ་དང་། ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་དང་ཐོན་ལས་ཀྱི་ཁྱད་ཆོས་མངོན་པ། ཐོན་སྐྱེད་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། མ་རྩ་དང་རྣམ་གྲངས་བསྡུ་རུབ་བྱེད་པ་བཅས་བྱས་ནས། ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་བ་དང་ལས་སྣོན་འཕར་ཐང་གི་གཏིང་ཤུགས་ཆེ་བའི་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞི་ཁག་ཅིག་སྔ་རྗེས་སུ་བཙུགས་པ་དང་། རྟེན་གཞི་གཅིག་གཏོད་པ་དང་ཁྱད་ཆོས་གཅིག་མངོན་པ། སྣེ་འདྲེན་གཅིག་གྲུབ་པ། ཡུག་ཅིག་གོང་འཕེལ་ལ་སྐུལ་འཁྲིད་ཐུབ་པ། དེ་ཁུལ་མང་ཚོགས་ཕྱུག་པོ་ཆགས་པ་བཅས་གོང་འཕེལ་གྱི་རྣམ་པ་བཟང་པོ་གཏོད་པ་རེད།
ནག་ཆུ་ས་ཁུལ་གྱིས་སྣེ་འདྲེན་གསོ་སྐྱོང་དང་གཞི་ཁྱོན་ཆེར་གཏོང་། རྟེན་གཞི་འཛུགས་སྐྲུན། ཞིང་འབྲོག་དུད་ཚང་ལ་སྐུལ་འཁྲིད་བཅས་ཀྱི་བླང་བྱར་གཞིགས་ནས་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དང་གསར་གཏོད་བྱས་ནས་ཚན་རྩལ་ཐད་གཏོང་འཇོག་བྱེད་རྒྱུར་མཐོང་ཆེན་བྱས་ཏེ། ཚན་རྩལ་དང་ཐོན་ལས། ལས་སྣོན། བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་གོང་འཕེལ་གཏོང་སྟངས་ལ་སྐུལ་སྤེལ་བཏང་བ་དང་། དུད་ཚང་གཅིག་གིས་དུད་ཚང་མང་པོར་འཁྲིད་སྟོན་དང་དུད་ཚང་མང་པོས་གྲོང་ཚོ་ཡོངས་ལ་འཁྲིད་སྟོན། གྲོང་ཚོ་གཅིག་དང་གྲོང་ཚོ་མང་པོ་འབྲེལ་མཐུད། གྲོང་ཚོ་མང་པོ་རྟེན་གཞིར་འགྱུར་བ་བཅས་ཀྱི་གོང་འཕེལ་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྤྱི་ལོ་2020ལོར་སླེབས་སྐབས་ཐོན་སྐྱེད་ཆུ་ཚད་མཐོ་བ་དང་ཐོན་ལས་ཀྱི་ཁྱད་ཆོས་ཆེ་བ། དཔེ་སྟོན་ཁྲིད་སྟོན་ལེགས་པ་བཅས་ཀྱི་ཞིང་འབྲོག་ཐོན་ལས་དཔེ་སྟོན་རྫོང་ལྔ་གཏོད་ཐོག ས་ཁུལ་གྱི་དེང་རབས་རྩྭ་ཐང་འབྲོག་ལས་དཔེ་སྟོན་རྟེན་གཞི་འདི་ཉིད་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་འབྲོག་དཔེ་སྟོན་ཁུལ་དང་། ས་ཁུལ་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་གཞན་འགྱུར་གྱི་གསོ་འཕེལ་ཡོ་བྱད། ཐོན་ལས་ཅན་གྱི་དཔེ་སྟོན་མཐུན་རྐྱེན་བཅས་སུ་སྐྲུན་རྒྱུ་རེད།
ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ས་ཆ་བཅོས་སྒྲིག ཕྱུགས་རིགས་གསོ་ཚགས་སོགས་རྣམ་གྲངས་ཐད་ཀྱི་མ་འཇོག་རྟེན་གཞི་འཛུགས་སྐྲུན་ཐད་གཟིགས་སྐྱོང་འོས་འཚམས་བྱས་ནས། ཕྱུགས་རིགས་རྒྱུད་བཟང་དང་གཟན་རྩྭ་མཁོ་སྤྲོད་སོགས་ཐད་གཙོ་གནད་རོགས་སྐྱོར་བྱེད་པ་དང་དེ་མིན་གྱི་ཐོན་སྐྱེད་རྒྱུ་ཆ་རྟེན་གཞིར་རིམ་བཞིན་རུབ་བསྡུས་བྱས་ཐོག ས་ཁོངས་ཀྱི་ཁྱད་ཆོས་དང་གཞི་ཁྱོན་གྱི་ལེགས་ཆ་ཆགས་པ་བྱས་ཏེ། སྤྱི་ལོ་2020ལོར་སླེབས་སྐབས་རྟེན་གཞི་ཁག་གི་ཐོན་རྫས་ཚོང་ཟོག་ལ་འགྱུར་ཚད་བརྒྱ་ཆ་80ཡན་ཟིན་པ་བྱེད་རྒྱུ་རེད།
ནག་ཆུ་ས་ཁུལ་གྱིས་དཔལ་དགོན་རྫོང་གི་རང་སྐྱོང་ལྗོངས་རིམ་པའི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་སྤེལ་བཏང་ནས། སྲིད་ཇུས་དང་མ་རྩ། རྣམ་གྲངས་བཅས་ཀྱི་ཐད་ནས་གཟིགས་སྐྱོང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེད་རྣམ་གསར་པའི་འབྲོག་ལས་གཉེར་སྐྱོང་མ་ལག་ཧུར་ཐག་གཏོད་དེ་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་བའི་ལས་དོན་ཡག་པོ་སྤེལ་བ་དང་འབྲོག་ལས་གོང་འཕེལ་གཏོང་སྟངས་གང་མགྱོགས་འགྱུར་ནས། འབྲོག་ཁུལ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་འབྲོག་ལས་ཐོན་ལས་ཅན་དུ་སྐུལ་འདེད་གཏོང་རྒྱུའི་ཐབས་ལམ་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་བྱེད་རྒྱུ་རེད།