འཚོལ་ཞིབ་དང་འགོ་ཚུགས་པ་ནས་འཕེལ་རྒྱས་མྱུར་པོ་བཅས་བར་མི་རབས་འགའ་ཞིག་གི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རྒྱུན་སྲིང་ལྷོད་མེད་ཀྱི་འབད་བརྩོན་བརྒྱུད་རང་ལྗོངས་ཀྱི་བ་གླང་གི་རྒྱུད་པ་ལེགས་བཅོས་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་ཡོད།
གཅིག་ནི་བ་མོ་རེའི་འོ་མ་ཐོན་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། རྒྱུད་པ་ལེགས་སུ་བཏང་བའི་བ་མོའི་རྒྱུད་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བ་མོའི་འོ་མ་ཐོན་ཚད་སྤྱི་རྒྱ་1231དང་། སྤྱི་རྒྱ་1849 སྤྱི་རྒྱ་2407བཅས་ཟིན་པ་དེ་ས་གནས་དེ་གའི་བ་མོའི་ལྡབ་3.5དང་། ལྡབ་5.3 ལྡབ་6.9བཅས་ཡིན། གཉིས་ནི་འོ་མ་སོས་པའི་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། 2014ལོར་ལྗོངས་ཡོངས་སུ་བ་གླང་གི་དངོས་ཡོད་མགོ་གྲངས་ཁྲི་110ལྷག་ཙམ་ཟིན་པའི་ནང་མགོ་གྲངས་ཁྲི་52རྒྱུད་པ་ལེགས་སུ་བཏང་ཡོད། དཀར་ཆུའི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་34.06ཟིན་པ་དེ་2007ལོ་ལས་17.7%འཕར་ཡོད། གསུམ་ནི་གསོ་སྤེལ་བྱེད་སྟངས་མགྱོགས་མྱུར་སྒྱུར་བ། གཞི་ཁྱོན་ཆུང་བའི་དུད་ཚང་གི་གསོ་སྤེལ་དེ་རིམ་གྱིས་གཞི་ཁྱོན་ཅན་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་བཞོན་མ་མགོ་གྲངས་30ཡན་གསོ་མཁན་ཆེད་ལས་དུད་ཚང་རིམ་གྱིས་མང་དུ་ཕྱིན་པ་དང་བཞོན་མའི་མགོ་གྲངས་100ཡན་གྱི་གཞི་ཁྱོན་གསོ་སྤེལ་ར་བ(ཁུལ་ཆུང)11ཡོད། བཞོན་མའི་གསོ་སྤེལ་མཉམ་ལས་ཁང་དང་། གསོ་སྤེལ་ཁུལ་ཆུང་། གཞི་ཁྱོན་གསོ་སྤེལ་ར་བ་བཅས་ཐོན་འགོ་ཚུགས་ཡོད། བཞི་ནི་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་བཏང་བ། ལྷོ་ཁ་ས་ཁུལ་གྱིས་བ་གླང་རྒྱུད་པ་ལེགས་བཅོས་དེ་ཤང་གྲོང་55དང་གྲོང་ཚོ་360དང་དུད་ཚང་43064བཅས་དང་འབྲེལ་བ་ཡོད། བ་གླང་གི་རྒྱུད་པ་ལེགས་བཅོས་ཁོ་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་871འཕར་ཡོད། ཞིང་འབྲོག་པའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁྲོད་བཞོན་མ་གསོ་སྤེལ་གྱི་ཡོང་འབབ་ཀྱིས་བཟུང་བའི་བསྡུར་ཚད་ལོ་རེ་བཞིན་འཕར་འགྲོ་གི་ཡོད།