ཉེ་བའི་ལོའི་རིང་།ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ་དེ་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་པ་དང་ཡོང་འབབ་འཕར་སྣོན་གྱི་སྤྱིའི་དམིགས་ཚད་དང་བསྟུན་ནས་རིམ་པ་སྟར་ཆགས་ཀྱིས་དོན་འཁྱོལ་བྱས་ཏེ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།
སྤྱི་ལོ2015ལོའི་ཚུན་དུ། ཆུ་གསུམ་རྫོང་གིས་ཞིང་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱེད་ཤུགས་མུ་མཐུད་ཤུགས་ཆེར་བཏང་བ་དང་དམངས་འཚོའི་མ་དངུལ་གཤམ་སྤྲོད་བྱེད་པའི་ལས་དོན་ཚད་ལྡན་བཟོས་པ་བཅས་བྱས་ནས།ཞིང་ལས་ཡོ་བྱད་ཀྱི་ཕྱོགས་བསྡུས་ཁ་གསབ་དང་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གུན་གསབ་སོགས་དམངས་འཚོའི་མ་དངུལ་དུས་ཐོག་དང་གྲངས་ཀ་ཚང་བའི་ངང་ཁྱིམ་ཚང་ལ་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱས་པས། ད་ལོའི་གོང་གི་དུས་ཚིགས་གསུམ་ནང་རིགས་ཁག་གི་དམངས་འཚོའི་མ་དངུལ་སྒོར་ཁྲི་ཚོ1589དོན་འཁྱོལ་བྱས་ཡོད་པ་དང་། སྤོས་ལས་སྣོན་མཉམ་ལས་ཁང་དང་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས། ཚོང་གཉེར་མཉམ་ལས་ཁང་སོགས་འཕེལ་རྒྱས་ཤུགས་ཆེ་བཏང་ནས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་བསྐྱེད་བཏང་བ་དང་། ལས་ཀའི་དགོས་མཁོ་དང་བསྟུན་ནས་ལས་ཞུགས་རྩལ་ནུས་ཀྱི་སྦྲེལ་མཐུད་སྦྱོང་བརྡར་དམ་འཛིན་ཡག་པོ་དང་ཞིང་འབྲོག་པ་རྩ་འཛུགས་ཅན་དུ་འགྱུར་ཚད་གོང་མཐོར་བཏང་བ་བཅས་བྱས་པས་གོང་གི་དུས་ཚིགས་གསུམ་ནང་མི593ལ་སྦྱོང་བརྡར་སྤྲད་ཡོད།
གཞན་ཡང་། ཤང་ཧྲིལ་པོར་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་དང་ཁྱོན་ཡོངས་དབུལ་སྐྱོར་རྣམ་གྲངས། ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་རྣམ་གྲངས་སོགས་ལག་བསྟར་ཤུགས་ཆེ་བྱས་ནས་ནུས་ཤུགས་ཡོད་རྒུས་གནད་འཕིགས་དབུལ་སྐྱོར་ཡག་པོ་བྱས་པས། གོང་གི་དུས་ཚིགས་གསུམ་ནང་དབུལ་སྐྱོར་རྣམ་གྲངས22ལག་བསྟར་བྱས་པ་དང་མི466དབུལ་གྲོལ་ཐུབ་ཡོད།