དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལ་སྔར་བས་ཚན་རིག་དང་མཐུན་ཞིང་ཚད་ལྡན་གྱི་སྒོ་ནས་དོ་དམ་བྱས་ཏེ། གཉེར་སྐྱོང་གཙོ་གཟུགས་ཀྱི་འགན་འཁྲི་ཁ་གསལ་བཟོས་ནས་དབུལ་སྐྱོར་ཁ་གཏད་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་རྒྱུ་དམིགས་ཡུལ་དུ་བྱེད་ཆེད། ད་ལོའི་ལོ་མགོར་གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་ཁེ་ཕན་བགོ་འགྲེམས་དོ་དམ་བྱ་ཐབས་བཟོས་ནས། ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་དབུལ་ཕོངས་མང་ཚོགས་ཀྱི་ཁེ་ཕན་བརྟན་དུ་བཏང་བ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་གྱི་མ་འཇོག་རིམ་བཞིན་མཐོ་རུ་གཏོང་རྒྱུ་དང་གོང་འཕེལ་གྱི་རྣམ་པ་རིམ་བཞིན་སྣ་ཚོགས་ཅན་དུ་གཏོང་རྒྱུ། དབུལ་ཕོངས་མང་ཚོགས་ཀྱི་ཁེ་ཕན་བཀོད་སྒྲིག་ཚད་ལྡན་བཟོ་རྒྱུ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ལྗོངས་ཡོངས་ཀྱི་སྔོན་ལ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་ཁེ་ཕན་བགོ་འགྲེམས་དོ་དམ་བྱ་ཐབས་བཟོས་པ་དང་། དེའི་དམིགས་ཡུལ་ནི་དབུལ་ཕོངས་མང་ཚོགས་དང་གཉེར་སྐྱོང་གཙོ་གཟུགས་ཀྱི་ཁེ་ཕན་དབར་གྱི་ཟུང་འབྲེལ་ལམ་ལུགས་འཐུས་ཚང་བཟོ་རྒྱུ། ཁྲིམས་སྲོལ་གྱི་དབང་ཆས་གཉེར་སྐྱོར་གཙོ་གཟུགས་ཀྱི་འགན་འཁྲི་ལག་བསྟར་བྱེད་རྒྱུར་བཅུན་འདོམས་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱི་ཁེ་ཕན་འགན་སྲུང་བྱེད་རྒྱུ་དེ་རེད།
གཞིས་རྩེ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཟླ་བ་སྒྲོལ་མས་གསར་འགོད་པར། གཞིས་རྩེ་གྲོང་ཁྱེར་གྱིས་ལོ་ལྔ་ཚན་བཅུ་གཉིས་པའི་ཚུན་དུ་ཐོན་ལས་དབུལ་སྐྱོར་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དང་། མ་འཇོག་བྱས་པའི་མ་དངུལ་ནི་དབུལ་ཕོངས་དུད་ཚང་ལ་སྤྲོད་རྒྱུའི་མ་དངུལ་རེད། འོན་ཀྱང་མ་འཇོག་བྱེད་ཡུལ་ནི་མཉམ་ལས་ཁང་དང་འཇོན་ཐང་ཅན། ཁེ་ལས་བཅས་རེད། དེར་བརྟེན་གལ་སྲིད་དོ་དམ་བྱ་ཐབས་འདི་མ་བཏོན་ན་དབུལ་ཕོངས་དུད་ཚང་གི་ཁེ་ཕན་འགན་སྲུང་བྱེད་ཐུབ་ཀྱི་མེད་པས། བྱ་ཐབས་དེ་བཏོན་པའི་དམིགས་ཡུལ་ནི་དབུལ་སྐྱོར་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། དབུལ་སྐྱོར་མ་དངུལ་གྱི་ཕན་འབྲས་འགན་སྲུང་བྱེད་རྒྱུ་དེ་རེད་ཅེས་གསུངས་པ་དང་སྦྲགས། ང་ཚོས་ལོ་གཅིག་ཙམ་ཚོད་ལྟ་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་ཁེ་ཕན་བགོ་འགྲེམས་སྒྲིག་ལམ་རགས་ཙམ་བཟོས་ཟིན་པ་དང་། གོམ་སྟབས་རྗེས་མར་བརྟག་དཔྱད་ཞིབ་འཇུག་གི་རྨང་གཞིའི་ཐོག་བྱ་ཐབས་དེ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།