ནས་ནི་བོད་ཀྱི་སྐྱེ་དངོས་གཙོ་བོ་ཞིག་ཡིན་ལ། བོད་མི་དམངས་ཀྱི་བཟའ་བཅའ་གཙོ་བོ་ཀྱང་ཡིན་པ་དང་། དེའི་གཞི་རྐྱེན་གྱི་འདུས་གྲུབ་ཆེ་ལ་རྙོག་འཛིང་ཆེན་པོ་ཡོད། དེར་བརྟེན་དེའི་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་དེ་མ་རྨོས་ལོ་ཏོག་དང་། ཆུ་འབྲས། ཀའོ་ལའང། གྲོ་བཅས་ཀྱི་རྗེས་སུ་ལུས་ཡོད། འོན་ཀྱང་ད་ཕན་ལོ་ཤས་རིང་གོ་ལ་ཧྲིལ་པོའི་ནས་ཀྱི་གཞི་རྒྱུའི་གྲུབ་ཆའི་བརྒྱུད་རིམ་རི་མོ་དང་པོ་དེ་གྲུབ་འབྲས་ཐོབ་པའི་སྒོ་ནས་བཟོ་རྒྱུ་ལེགས་གྲུབ་ཟིན་པ་དང་། ཚན་ཞིབ་མི་སྣས་ཞིབ་འཇུག་བྱེད་སྐབས་དུས་ཡུན་རིང་པོའི་ས་མཐོའི་རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་ལས་བོད་ཀྱི་ནས་ལ་ས་མཐོར་འཕྲོད་པའི་གཞི་རྐྱེན་ལྡན་པ་ཤེས་རྟོགས་བྱུང་བ་རེད། མིག་སྔར་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་སོན་གསོ་རིགས་གཅིག་མཁས་ཅན་དང་ཡོན་ཧྲེ་ལུའུ་ལེང་ཧྲུའུ་ཡིས་མི་སྣ་གཞན་དང་མཉམ་དུ་བོད་རིགས་མི་དམངས་དང་ནས་ཀྱི་ས་མཐོར་འཕྲོད་ལུགས་ཐད་ཞིབ་འཇུག་བྱེད་བཞིན་འདུག ཞིབ་འཇུག་ལས་དོན་དེ་2016ལོའི་ཟླ་བདུན་པའི་གོང་དུ་གྲུབ་རེ་ཡོད་པ་རེད།
དུས་ཡུན་རིང་པོའི་ནང་ནས་ནི་མཚོ་བོད་ས་མཐོའི་མི་རིགས་ཀྱི་ཁྱད་ལྡན་བཟའ་བཅའ་ཞིག་ཡིན་པ་དེར་ཐན་འགོག་ནུས་པ་ཆེ་བ་དང་། ཐོན་འབོར་བརྟན་པོ། འདེབས་གསོ་སླ་བ་སོགས་ཀྱི་ལེགས་ཆ་ལྡན་ཡོད་ལ། བོད་རིགས་མི་དམངས་ཀྱི་བཟའ་བཅའ་གཙོ་བོ་དང་། ཕྱུགས་ཀྱི་གཟན་ཆས། དེ་བཞིན་ཆང་རྒྱུ་གལ་ཆེན་ཞིག་ཡིན། བོད་ཀྱི་ནས་ལ་ཚི་སྣའི་རྒྱུ་མཐོ་ཙམ་བསྡུས་ཡོད་པ་མ་ཟད། ད་དུང་ཐུན་མིན་གྱི་སིང་ཕྱེའི་ཁྱད་ཆོས་དང་། ཕུན་སུམ་ཚོགས་པའི་འཚོ་བཅུད། དེ་བཞིན་ཚད་ཉུང་མ་རྒྱུ་སྣ་ཚོགས་བསྡུས་ཡོད་པས། གནོད་མེད་ཐོན་ཟོག་དང་སྙོལ་བཟོའི་ལས་རིགས་ལ་སྤྱོད་པའི་རིན་ཐང་ལྡན་ཡོད་ལ། ད་ཕན་ལོ་ཤས་རིང་། རྒྱལ་ཕྱི་རྒྱལ་ནང་གི་ཞིབ་འཇུག་མཁས་དབང་ཚོས་རིམ་གྱིས་དོ་སྣང་བྱུང་ཡོད།
ནས་གསོ་འདེབས་ལ་སྐུལ་འདེད་གཏོང་ཆེད། 2012ལོར་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་སུའོ་དང་ཧྭ་ཏ་གཞི་རྒྱུ་སོགས་ཚན་པ་དང་མཉམ་འབྲེལ་བྱས་ཏེ། ནས་ཀྱི་གཞི་རྒྱུའི་གྲུབ་ཆར་ལྟ་ཞིབ་ཚད་ལེན་ལོ་གསུམ་བྱས་པ་བརྒྱུད། 2015ལོར་གོ་ལ་ཧྲིལ་པོའི་ནས་ཀྱི་གཞི་རྟེན་དཔེ་རིས་དང་པོ་དེ་གྲུབ་འབྲས་ཐོབ་པའི་སྒོ་ནས་བཟོ་ཐུབ་པ་བྱུང་ཡོད། ཞིབ་འཇུག་གྲུབ་འབྲས་དེ་བོད་ཀྱི་ནས་ཀྱི་འབྱུང་ཁུངས་དང་། འདེམས་གསོ། བརྒྱུད་རིམ་སོགས་ལ་རྒྱུད་འཛིན་རིག་པའི་རྨང་གཞི་མཁོ་འདོན་བྱས་པ་དང་ཆབས་ཅིག་ནས་ཀྱི་རྒྱུད་པ་སྒྱུར་རྒྱུར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཟང་པོ་མཁོ་འདོན་བྱས་ཡོད།
ནས་ཀྱི་གཞི་རྐྱེན་ལ་ཞིབ་འཇུག་བྱེད་མཁན་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་འབུམ་རམས་པ་ཙེང་ཤིན་ཆོན་གྱིས་ནས་ཀྱི་གཞི་རྐྱེན་འདུས་གྲུབ་ཀྱི་གོ་རིམ་ཚད་ལེན་བྱས་པ་ལས་ས་མཐོར་འཕྲོད་ཆེ་བའི་གཞི་རྒྱུ་360ལྷག་ཙམ་ལྡན་པ་ཤེས་རྟོགས་ཐུབ་ཡོད་ཅེས་ངོ་སྤྲོད་གནང་བྱུང་། མཚོ་བོད་ས་མཐོར་རྒྱ་ཁྱབ་ཀྱི་སྣོད་བཅུད་ཁོར་ཡུག་ཡོད་པ་མ་ཟད། ས་ཁོངས་མི་འདྲ་བར་ཆར་པ་བབས་མང་ཉུང་དང་། དྲོད་ཚད་ཆེ་ཆུང་། ས་རྒྱུ། སྔོ་ཁེབས། སྨུག་ཕྱིའི་འོད་འཕྲོ་ཤུགས་བཅས་མི་འདྲ་བར་བརྟེན། ནས་ལ་འཕྲོད་ཤུགས་རང་བཞིན་དང་སྣ་མང་ཅན་རྒྱ་ཁྱབ་ལྡན་ཡོད་ཅེས་བཤད།
ཙེང་ཤིན་ཆོན་གྱིས་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཞིབ་འཇུག་ཁང་གིས་མིག་སྔར་ནས་ཀྱི་གཞི་རྒྱུ་དང་མིའི་རིགས་ཀྱི་གཞི་རྒྱུ་ཟུང་འབྲེལ་བྱས་ནས་ཞིབ་འཇུག་བྱེད་བཞིན་ཡོད། མིག་སྔར་ཞིབ་འཇུག་ལས་དོན་དེ་འདེབས་གསོའི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཀྲུང་གོ་ལས་གྲྭ་ཁང་གི་ཡོན་ཧྲེ་ལུའུ་ལེང་ཧྲུའུ་དང་མཉམ་ལས་བྱེད་བཞིན་ཡོད། གང་ཡིན་ཞེ་ན། ཁོང་ལ་དེའི་ཐད་ཀྱི་དཔྱད་ཡིག་མང་པོ་འདུག བོད་རིགས་མི་དམངས་ས་མཐོར་འཚོ་གནས་བྱེད་པ་དང་རྒྱུན་དུ་ནས་ཟ་བ་གཉིས་དབར་གདམ་ག་ཡོད། མིག་སྔར་དེའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་གྲངས་གཞི་མང་པོའི་ཐོག་ནས་རིགས་པས་ཁུངས་སྐྱེལ་བྱེད་དགོས་པས་ཕྱི་ལོའི་ཟླ་དྲུག་པ་དང་བདུན་པར་གྲུབ་རེ་ཡོད་ཅེས་ངོ་སྤྲོད་གནང་བྱུང་།