ནས་ཀྱི་ཆ་རྡུལ་འདེབས་གསོ་ལེགས་སུ་གཏོང་ཆེད། 2012ལོར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་ཁམས་སུའོ་དང་། ཧྭ་ཏ་འགྱིན་སོགས་ཚན་པ་དང་མཉམ་དུ་ནས་ཀྱི་གཞི་རྒྱུ་རྒྱུད་གྲུབ་ལ་ལྟ་ཞིབ་ཚད་ལེན་ལོ་3བྱས་པས་2015ལོར་ས་གོ་ལར་ནས་ཀྱི་གཞི་རྒྱུའི་དཔེ་རིས་ཐོག་མར་འགོད་རྒྱུ་ལམ་ལྷོངས་བྱུང་ཞིང་། ད་རེས་ཀྱི་ནས་ཀྱི་གཞི་རྒྱུ་རྒྱུད་གྲུབ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ནང་ས་མཐོར་སྐྱེ་བར་འཚམས་པའི་གཞི་རྒྱུ་360ལྷག་ཙམ་ཡོད་པ་ཤེས་པ་དེས་བོད་ཀྱི་ནས་ཀྱི་འབྱུང་སྟངས་དང་། འདུལ་བ། འདེབས་གསོ་འདེམས་གསོའི་བརྒྱུད་རིམ་སོགས་ལ་ཤེས་རྟོགས་ཟབ་མོ་ཡོང་བར་རིགས་ཁྲིད་བརྟག་དཔྱད་རིག་པའི་ཐོག་ནས་གཞི་འཛིན་ས་བྱུང་བ་མ་ཟད། ནས་ཀྱི་རིགས་རྒྱུད་ལེགས་སུ་གཏོང་བར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞིའང་བཏིང་ཐུབ་པ་བྱུང་ཡོད།
ཙེན་ཤིན་ཆོན་གྱིས་ད་ཆ་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་སྤེལ་བཞིན་པའི་ལས་ཀ་གཙོ་བོ་སྟེ། “ནས་ཀྱི་གཞི་རྒྱུ་དང་འགྲོ་བ་མིའི་གཞི་རྒྱུ་ཟུང་དུ་སྦྲེལ་ནས་ཞིབ་འཇུག་བྱ་རྒྱུའི་ཐད། ད་ལྟ་འདེབས་གསོའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་ཀྲུང་གོ་་བཟོ་སྐྲུན་ཁང་གི་ཡོན་ཧྲི་ལུའུ་ལེའང་ནུའུ་དང་མཉམ་ལས་བྱེད་བཞིན་ཡོད། གང་ལགས་ཤེ་ན། ཡོན་ཧྲི་ལུའུ་ལེའང་ནུའུ་ལ་དེའི་སྐོར་གྱི་དཔྱད་གཞི་ཡོད་པས་ཡིན། བོད་རིགས་མི་དམངས་ས་མཐོར་འཚོ་གནས་བྱེད་རིང་རྒྱུན་དུ་ཟས་ལ་ནས་སྤྱོད་ཀྱི་ཡོད། དེ་གཉིས་བར་གྱི་འབྲེལ་བ་ངེས་གཏན་ཅི་ཡིན་ཐད་ད་ཆ་ཞིབ་འཇུག་བྱེད་ལ་གྲངས་གཞི་མང་པོ་སྒྲུབ་བྱེད་དུ་འགོད་དགོས་པས་སང་ལོའི་ཟླ་དྲུག་པའམ་ཡང་ན་བདུན་པར་ཚར་བཟོ་ཡོད”ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།