དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱིས་ལག་རྩལ་རྒྱས་པ་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཐད་སྐུལ་སྤེལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཅན་དང་། ཧོང་ཡན། ལི་ཧྭ་ལིན་བཅས་ཀྱིས།   |     སྤེལ་དུས།  2015-09-04

    ལོ་གསུམ་གྱི་གོང་དུ་ནས་བཏབ་ནས་འཚོ་བ་སྐྱེལ་བའི་ཕུན་ཚོགས་ཚེ་རིང་གིས་ཐེངས་དང་པོར་དྲོད་ཁང་དུ་ཀྲོ་མ་ཀྲུ་དང་གླང་རྔ་ཚོད་ལྟ་བྱས་ཏེ་བཏབ་པ་རེད། འོན་ཀྱང་གྲོང་མི་གཞན་དག་དང་འདྲ་བར། སྔོ་ཚལ་འདེབས་པའི་ཉམས་མྱོང་མེད་པའི་ཁོང་གིས་ས་སློག་པ་དང་། ས་བོན་གཏོར་བ། ལུད་རྒྱག་པ། རྩྭ་ངན་བཏོག་པ་སོགས་ཀྱི་ལག་རྩལ་ཐད་རྒྱུས་མངའ་མེད་པས། འབྲས་བུ་བཟང་པོ་ཞིག་མ་ཐོབ། 

    ཡུལ་དེ་གའི་སྲིད་གཞུང་གིས་གྲོང་མིའི་དཀའ་ངལ་དེ་རིགས་རྟོགས་ཏེ། གྲོང་མི་ཚོ་ཞིང་ལས་ལག་རྩལ་གྱི་སློབ་ཁྲིད་པར་གཞིར་ལྟ་རུ་བཅུག་པ་མ་ཟད། ད་དུང་ཞིང་ལས་ལག་རྩལ་པ་གདན་དྲངས་ཏེ་རིན་མེད་མཛུབ་ཁྲིད་ཀྱང་བྱས་པ་རེད། དེ་ལྟར་བྱས་པས་ད་ལྟ་ཕུན་ཚོགས་ཚེ་རིང་གིས་ལོ་ལེགས་བསྡུ་ཐུབ་པར་གྱུར།

    “ལག་རྩལ་ཇེ་ལེགས་སུ་སོང་བས། ཡོང་འབབ་ཀྱང་རང་བཞིན་གྱིས་ཇེ་བཟང་དུ་ཕྱིན་སོང”ཞེས་ཕུན་ཚོགས་ཚེ་རིང་གིས་བཤད་པ་དང་། ཁོ་པས་བཏབ་པའི་གླང་རྔ་དང་། སུར་པན། པད་ཚལ་ཆེན་པོ། ཧོང་ཀྭ་སོགས་སྔོ་ཚལ་ཧ་ཅང་ཡག་པོ་བྱུང་བ་མ་ཟད། འཚོང་ལམ་ལ་སེམས་ཁྲལ་མེད་པར་གྱུར། “ཤང་སྲིད་གཞུང་གིས་ང་ཚོར་སྔོ་ཚལ་རྣམས་ལྷ་སའི་སྡེབ་ཚོང་ཁྲོམ་རར་འཚོང་རོགས་བྱས་བྱུང”ཞེས་བཤད།

    ད་ཆར་ཕུན་ཚོགས་ཚེ་རིང་གི་དྲོད་ཁང་གི་ལོའི་ཁེ་སྤོགས་སྒོར་ཁྲི་3ལས་བརྒལ་ཡོད། འོན་ཀྱང་སྔོན་ཆད་བཟའ་ཟླ་དང་ལྷན་དུ་ས་ཞིང་རྒྱ་ཁྱོན་མུའུ་ལྔ་ཟིན་པར་ནས་འདེབས་སྐབས་ལོ་ཧྲིལ་པོར་ཡོང་འབབ་སྒོར་2500ལས་མེད། སྟོན་ཐོག་ཡག་པོ་མ་བྱུང་ཚེ་ལོ་གསར་གཏོང་སྐབས་ཁོ་ཚོར་ལོ་གསར་གྱི་མཁོ་ཆས་ཉོ་རྒྱུའི་དངུལ་ཡང་མེད་པ་རེད།

    མིག་སྔར་ཡབ་མདའ་ཤང་གི་ཐོན་ལས་གླིང་ཁུལ་དུ་ཉི་འོད་དྲོད་ཁང་360བསྐྲུན་པ་དང་། རྒྱ་ཁྱོན་མུའུ་865ཟིན་ཞིང་། ཞིང་དུད་180ལ་ལས་ཞུགས་བཀོད་སྒྲིག་བྱས་ཡོད།

    ལྷ་སའི་ལྷོ་ནུབ་ཀྱི་སྤྱི་ལེ་30མཚམས་སུ་གནས་པའི་ཆུ་ཤུར་རྫོང་ཚལ་སྣ་གྲོང་ཚོའི་རྒྱ་ཁྱོན་མུའུ་500ཟིན་པའི་ས་གཙང་ཐོན་ལས་དཔེ་སྟོན་གླིང་ཁུལ་དུ་མེ་ཏོག་ཡུས་ཅིན་དང་། སྐྱེ་ལྡན་རྡོ་ཐ། ཁ་ཆེ་གུར་ཀུམ་སོགས་སྣ་ཁ་20ཡི་ཁྱད་ལྡན་སྐྱེ་དངོས་འདེབས་ཀྱི་ཡོད།

    ཐོན་ལས་གླིང་དཔལ་འབྱོར་དོ་དམ་པུའི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་ཡུལ་འདིའི་ཞིང་པས་སྔར་ནས་བཟུང་ནས་འདེབས་ཀྱི་ཡོད། ཐོན་ལས་གླིང་ཁུལ་གྱིས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དང་ལག་རྩལ་ནང་འདྲེན་བྱས་ཏེ། འཕེལ་རྒྱས་མདུན་ལྗོངས་ཡོད་པའི་སྐྱེ་དངོས་འདེབས་འཛུགས་བྱེད་ཀྱི་ཡོད་ཅེས་བཤད།

    “མུའུ་རེར་མ་ཁ་རྒྱ་མ་300ནས་500ཐོན་ཀྱི་ཡོད་ལ་རྒྱ་མ་རེར་སྒོར་40ནས་45རེད། ན་ནིང་ང་ཚོས་བཏབ་པའི་མ་ཁ་མུའུ་1000ཟིན”ཁོང་གིས་ཐོན་ལས་གླིང་ཁུལ་གྱི་དུས་ཐེངས་དང་པོའི་གཞི་ཁྱོན་མུའུ་500དང་དུས་ཐེངས་གཉིས་པར་མུའུ་1000ཟིན་པ་དང་། དུས་ཐེངས་གསུམ་པར་མུའུ་5000བསྐྲུན་རྒྱུའི་འཆར་འགོད་བྱས་ཡོད་ཅེས་བཤད་བྱུང་།

    ཁྱིམ་ཉེ་འཁོར་དུ་ཡོད་པའི་དབང་མོ་ནི་2012ལོར་གླིང་ཁུལ་ཐོག་མར་བསྐྲུན་སྐབས་ནས་དེ་གར་ལས་ཀ་བྱས་པ་དང་། གཙོ་ཆེར་མེ་ཏོག་རྒྱ་སེ་འདེབས་པ་དང་རྩ་ངན་བཀོག་པའི་འགན་འཁུར་གྱི་ཡོད། ཁོ་མོའི་བཟའ་ཟླས་ལྷ་སར་གླ་པ་རྒྱུག་བཞིན་ཡོད་པ་དང་། བུ་ཆུང་ནི་བུ་བཅོལ་ཁང་དུ་འགྲོ་ཡི་ཡོད་པ་རེད།

    དབང་མོས་སྔོན་ཆད་ལྷ་སར་ལས་ཀ་ཙག་ཙིག་བྱེད་མྱོང་བ་དང་། བཟོ་བཀོད་ལས་མི་དང་སྒོ་རྩིས་ཚོང་ཁང་གི་དངུལ་བསྡུ་མཁན་བྱས་པ་དང་ཉིན་རེར་གླ་ཆ་སྒོར་100ཙམ་ལས་མེད་ཅིང་། ཁྱིམ་དང་བར་ཐག་རིང་བས་ཁྱིམ་མིར་ལྟ་སྐྱོང་བྱེད་མི་ཐུབ།

    “ད་ཆ་ངས་ཉིན་ལྟར་ཞོགས་པའི་ཆུ་ཚོད་དགུ་པ་ནས་དགོང་མོའི་ཆུ་ཚོད་བདུན་པ་བར་ལས་ཀར་འགྲོ་གི་ཡོད། ལས་ཐག་བཅད་རྗེས་ཞིང་སྤྱོད་འཁོར་གསུམ་བཏང་ནས་སྐར་མ་10ཙམ་གྱི་ནང་ཁྱིམ་དུ་སླེབས་ཐུབ”ཅེས་ཁོ་མོས་བཤད། དབང་མོའི་ད་ཆའི་ཉིན་རེའི་གླ་ཆ་ནི་སྒོར་100ཡིན་པ་དང་། ཁྱིམ་གྱི་ས་ཞིང་ཁག་གཅིག་ཐོན་ལས་གླིང་ཁུལ་དུ་བརྒྱུད་བཤུག་བྱས་ཡོད་པས། མུའུ་རེར་ལོ་ལྟར་བོགས་དངུལ་སྒོར་1400རེག་གི་ཡོད།

    ཚལ་སྣ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་གླིང་ཁུལ་གྱི་ཞིང་བྲེལ་སྐབས་སུ་ཉིན་ལྟར་མི་ཉིས་བརྒྱ་སུམ་བརྒྱ་ཡིས་ལས་ཀ་བྱེད་ཀྱི་ཡོད། སྔོན་ཆད་ཞིང་པས་ནས་བཏབ་ཚེ་མུའུ་རེ་ནས་ཡོང་འབབ་སྒོར་2000ལས་ཐོབ་ཀྱི་མེད། ད་ཆ་མུའུ་རེ་ནས་སྒོར་1400ཡི་བརྒྱུད་བཤུག་དངུལ་ཕུད། ཁོ་ཚོར་ཉིན་རེར་གླ་ཆ་སྒོར་100རེག་གི་ཡོད་པ་རེད་ཅེས་ངོ་སྤྲོད་བྱས།

    དུས་ཐེངས་གཉིས་པའི་ཐོན་ལས་གླིང་ཁུལ་གྱིས་མྱུག་གསོ་ལྟེ་གནས་གསར་སྤེལ་བྱས་ཏེ་ཞིང་པར་རིན་པ་མི་དགོས་པར་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་གསར་པ་མཁོ་སྤྲོད་བྱས་པ་རེད།

    བོད་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་349.6ཟིན་པ་དང་། མི་རེར་ཆ་སྙོམས་མུའུ་2ཡང་ཟིན་གྱི་མེད། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོར་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ལོ་ལྟར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།

    ན་ནིང་གི་ལོ་མཇུག་བར་བོད་ཀྱི་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་32.58བསྡུ་སྒྲིལ་བྱས་ཏེ་བཏང་བ་དང་། ཞིང་འབྲོག་སྡེ་ཚན་གྱིས་རིམ་རྩིས་བྱས་ན་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་101ལ་རྒྱབ་སྐྱོར་དང་གསོ་སྤེལ་བྱས་ཏེ། ཞིང་འབྲོག་ལས་ཐོན་སྐྱེད་ཆེད་ལས་མཉམ་ལས་རྩ་འཛུགས་2729ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།