བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ནས་ཀྱི་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་དང་ཐོན་ལས་ཅན་འཕེལ་རྒྱས་དང་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་ཕྱིར་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་ཞིབ་འཇུག་འཕེལ་རྒྱས་ལྟེ་གནས་ཀྱིས་རང་བརྟེན་ཞིབ་བཟོ་བྱས་པའི“བཞུ་བདེའི་ནས་ཕྱེའི”ཐོན་རྫས་ལ་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱི་ཞིབ་བཤེར་ཐོབ་པ་དང་འབྲེལ། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རག་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཐོན་རྫས་དེ་འཐག་པ་དང་འདྲེས་སྦྱོར་སོགས་ཀྱི་བརྒྱུད་རིམ་ལ་བརྟེན་ནས་ཐོན་སྐྱེད་བྱས་པ་དང་། བྲོ་བ་ཞིམ་ལ་འཚོ་བཅུད་ཕུན་སུམ་ཚོགས་པའི་ཁར་བཞུ་མགྱོགས་པོ་ཡོད་པ་རེད། ཐོན་རྫས་དེ་ཞིབ་བཟོ་བྱས་པ་བརྒྱུད། བོད་ཀྱི་ཁྱད་ལྡན་ཞིང་ལས་སྐྱེ་དངོས་ལས་སྣོན་ཞིབ་ཚགས་ཀྱི་ཁྱབ་ཁོངས་རྒྱ་ཆེར་ཕྱིན་ཏེ་ནས་ལས་སྣོན་བྱེད་ནུས་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་ཕྱིན་པའི་ཐོག ནས་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་ཡིན་པ་རེད།