མིག་སྔ་ནི་ཞིང་ནང་དང་མུ་ཁར་ལོ་ཏོག་སྐྱེ་འཚར་བཟང་བ་དང་། རྩྭ་ཐང་དང་འབྲོག་ཁུལ་དུ་རྩྭ་ཆུ་བཟང་ཞིང་ནོར་ལུག་འཚར་ལོངས་ཡོང་བའི་དུས་སྐབས་བཟང་པོ་ཞིག་རེད། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེ་དག་རང་བྱུང་ཁམས་ལས་བྱུང་བ་དང་ཞིང་འབྲོག་པས་དཀའ་སྤྱད་ལས་བརྩོན་བྱས་པ་ལས་བྱུང་བ་ཞིག་ཡིན་ལ་དེ་བས་ནི་རང་ལྗོངས་ཀྱི་ཞིང་འབྲོག་ལས་ལག་རྩལ་ཞབས་ཞུའི་ལས་དོན་ནུས་ལྡན་ངང་སྤེལ་བ་ལས་ཀྱང་བྱུང་བ་ཞིག་རེད།
འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
གྲུབ་འབྲས་གཞན་སྒྱུར་གྱི“མཐའ་མའི་འགག་གནད”ཧུར་ཐག་ངང་བསལ་ནས་ས་མཐོའི་ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ་སོགས་དམངས་ཕྱུག་ཐོན་ལས་གཙོ་གནད་དུ་བྱས་ཏེ་པ་སྣམ་རྫོང་གི་ནས་དང་། རྣམ་གླིང་གི་ཞོག་ཁོག སྙེ་མོའི་བོད་བྱ། རུ་ཐོག་གི་ཁུལ་ལྡན་ར། སྨན་གླིང་གི་བོད་སྨན་སྨན་རྒྱུ ཆུ་ཤུར་གྱི་བཟའ་བཅའི་ཤ་མོ་སོགས་ཚན་རྩལ་གྲུབ་འབྲས་དེ་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་གཞན་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་པ་རེད།
མངོན་གསལ་དོད་པའི་ཁྱད་ཆོས་དང་། ནུས་པ་འཐུས་ཚང་། རིམ་པ་སྤོར་བ། ཐོན་ལས་འདེགས་སྐྱོར་བཅས་དམིགས་ཚད་དུ་བྱས་ནས་ལྷ་ས་དང་གཞིས་རྩེའི་རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལྷོ་ཁའི་ཞིང་ལས་ཚན་རྩལ་གླིང་ཁུལ་དང་ནག་ཆུའི་འབྲི་གཡག་ཐོན་ལས་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་གྱི་དུས་འགོའི་གྲ་སྒྲིག་ལས་དོན་སྤེལ་འགོ་བཙུགས་པ་རེད།
ཚན་རྩལ་ལ་བརྟེན་ནས་དམངས་འཚོར་ཞབས་འདེགས་ཞུ་བ་དང་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་ཉིང་ཁྲིའི་རྒྱལ་ཁབ་རིམ་པའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་འཛུགས་སྐྲུན་ཁུལ་གྱི་འཛུགས་སྐྲུན་འཆར་འགོད་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས་ནག་ཆུ་རྫོང་དང་། སྨར་ཁམས་རྫོང་། གོང་དཀར་རྫོང་བཅས་རང་སྐྱོང་ལྗོངས་རིམ་པའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ་རེད།
ད་ཡོད་ཀྱི་ཚན་རྩལ་དཔེ་སྟོན་རྫོང་9འཛུགས་སྐྲུན་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས་ས་ཁུལ་དང་གྲོང་ཁྱེར་ལ་ཚན་རྩལ་དཔེ་སྟོན་ཤང་གྲོང་དང་ཚན་རྩལ་དཔེ་སྟོན་གྲོང་ཚོ་སྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཐོག་རྫོང(ཆུས)74ཡི་རྒྱལ་ཁབ་ཚན་རྩལ་དམངས་ཕྱུག་སྟོབས་ཆེའི་རྫོང་འཆར་འགོད་ཡོངས་ཁྱབ་ཡོང་བའི་བརྩོན་ལེན་བྱས་པ་རེད།
འདི་ལོ་ནས་བཟུང་རང་ལྗོངས་ཀྱིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་ཚན་རྩལ་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས་དཔེ་སྟོན་སྐུལ་ཁྲིད་ནུས་པ་མཐོ་རུ་ཏན་ཏིག་བཏང་ཐོག་ཞིང་འབྲོག་ཐོན་ལས་ཕྱོགས་འགྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་འཕར་བར་སྐུལ་འདེད་བཏང་བ་རེད།
འདེགས་སྐྱོར་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རྩལ་ཆེད་དོན་འགངས་ཆེན་ལག་བསྟར་བྱེད་པར་ནས་ཀྱི་ཐོན་ལས་ཀྱི་ཆེད་དོན་ཐད་ས་བོན་གསར་པ་འདེམས་གསོ་དང་འདེབས་ཁྱོན་གཙོ་གནད་དུ་ཁྱབ་གདལ་བཏང་ནས་ལྗོངས་ཡོངས་སུ་འབྲུ་རིགས་ཐོན་འབབ་ཏུན་ཁྲི་100ཡོང་རྒྱུར་ས་བོན་ལས་རིགས་ཀྱི་འདེགས་སྐྱོར་བྱས་པ་རེད། གཟན་རྩྭའི་ཐོན་ལས་ཐད་ད་ཡོད་ཀྱི་ཕྱུགས་རྩྭའི་སོན་བཟང་དཔེ་སྟོན་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ས་བོན་གསར་པ་ནང་འདྲེན་དང་རི་སྐྱེས་ཕྱུགས་རྩྭ་འདེམས་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་བོན་རྒྱུད་འཕེལ་རྟེན་གཞི་སྔར་བས་རྒྱ་ཆེར་བཏང་ཐོག་གཟན་རྩྭ་དང་གཟན་ཆག་ཐོན་ཟོག་ལས་སྣོན་གྱི་ཚན་ཞིབ་དང་ཐོན་སྐྱེད་རྟེན་གཞི་བཙུགས་པ་རེད། ཞོག་ཁོག་ཐོན་ལས་ཐད་སོན་བཟང་གི་ལག་རྩལ་འདུས་གྲུབ་དང་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་རྫོང་3ནས་5བར་བདམས་ཏེ་ལས་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་བཏང་ནས་ལོའི་འགྱེད་འཕྲོའི་སྐུལ་ཁྲིད་བྱེད་ཁྱོན་མུའུ་5500ཟིན་པའི་བརྩོན་ལེན་བྱས་པ་རེད། འབྲི་གཡག་ཐོན་ལས་ཀྱི་ཆེད་དོན་ཐད་ནུས་ཆེའི་གསོ་སྤེལ་ལྟེ་བར་བྱེད་པ་དང་གྲོང་ཚོ་ཧྲིལ་པོ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་ད་ཡོད་ཀྱི་འཐུས་སྒོ་ཚང་བའི་ལག་རྩལ་འདུས་གྲུབ་གསར་གཏོད་དང་དཔེ་སྟོན་བཀོལ་སྤྱོད་བྱེད་མགྱོགས་སུ་བཏང་ཐོག་ས་གནས་དེ་གའི་འབྲི་གཡག་གི་རྒྱུད་པ་འདེམས་གསོ་དང་། བཟང་སྒྲུག་དང་ཕྱུགས་ཤེད་སླར་གསོ་བྱེད་པ། ལས་སྣོན་ཞིབ་ཚགས་ཀྱི་ལག་རྩལ་ཞིབ་འཇུག་བཅས་བྱེད་ཤུགས་ཆེ་རུ་བཏང་བ་རེད།
ཁྱད་ལྡན་ལེགས་ལྡན་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་གྱི་འགག་སྒྲོལ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གླེང་སྐབས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གངས་ཅན་གྱིས“ས་བོན་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་འདུ་འགོད་ལག་བསྟར་བྱས་པ་བརྒྱུད་ནས་དང་། གྲོ། མཐོ་གྲང་པད་ཁ། ནགས་ཁྲོད་ཤིང་ཏོག་སོགས་ས་བོན་གསར་པ་འདེམས་གསོ་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་སྣོད་བཅུད་བདེ་འཇགས་དང་། རང་བྱུང་གནོད་འཚེ་འགོག་བཅོས། ས་མཐོའི་ནད་འགོག་བཅོས། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་བྱས་ནས་དམངས་འཚོ་འཕེལ་རྒྱས་ཀྱི་ལག་རྩལ་འཇུར་མིག་འགངས་ཆེན་བསལ་ཡོད”ཅེས་བཤད་པ་རེད།
ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།
ཚན་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་ཚན་རྩལ་ཤེས་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དེའང་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གལ་ཆེན་ཞིག་རེད།
ཚན་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཤུགས་ཆེན་བྱས་ནས་སྐྱེད་སྲིང་དང་ནང་འདྲེན་གལ་ཆེ་མཉམ་བརྩི་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རྩལ་རྣམ་གྲངས་དང་ཚན་རྩལ་བྱ་དགའ་སྤྲོད་པ་སོགས་ཀྱི་བཀོད་འདོམས་བྱ་ཐབས་ཡག་པོ་སྤྱད་དེ་ཚན་ཞིབ་ནུས་པ་དང་། གསར་གཏོད་གྲུབ་འབྲས། གྲུབ་འབྲས་གཞན་སྒྱུར་བཅས་ལ་བརྟེན་ནས་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་པའི་ཚན་རྩལ་ཤེས་ལྡན་པའི་གདེང་འཇོག་ཚད་གཞི་རིམ་བཞིན་བཟོས་ཏེ་ཚན་རྩལ་མི་སྣའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱས་ཐོག་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུས་པ་རེད།
དུས་མཚུངས་ཚན་རྩལ་ཞབས་ཞུའི་སྟེགས་བུ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ཐད《ཚན་རྩལ་ཞབས་ཞུའི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》དོན་འཁྱོལ་ནན་ཏན་བྱས་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དམིགས་ཚད་དུ་བྱེད་པ་དང་ཚན་རྩལ་གསར་གཏོད་ཀྱི་དགོས་མཁོ་སྐོང་བ་དང་ཐོན་ལས་གསར་གཏོད་ཀྱི་དགོས་མཁོ་རིམ་སྤོར་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས་ད་ཡོད་ཀྱི་ཚན་རྩལ་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་དང་ལེགས་སུ་བཏང་ནས་ཞབས་ཞུའི་དཔེ་དབྱིབས་གསར་གཏོད་བྱེད་པ་དང་ཁེ་ལས་ཀྱི་ལས་གཏོད་དང་། ཉི་ནུས་ཀྱི་ཞིབ་དཔྱད་ཚད་ལེན། ཚན་རྩལ་ཡོ་བྱད་ཆེ་གྲས་མཉམ་སྤྱོད། ཚན་རྩལ་གྲུབ་འབྲས་འགྲེམས་སྟོན་དང་གཞན་སྒྱུར་བཅས་དང་དེ་བཞིན་ཚན་རྩལ་བློ་འདྲི་ཞབས་ཞུ་དང་། ཤེས་བྱའི་བདག་དབང་ཞབས་ཞུ། ཞིང་འབྲོག་པའི་ཚན་རྩལ་ཆ་འཕྲིན་ཞབས་ཞུ། ཚན་རྩལ་ཆེད་མངགས་པའི་དོ་དམ་སོགས་སྟེགས་བུ་འཛུགས་སྐྲུན་བྱ་རྒྱུར་གཙོ་གནད་དུ་དམ་འཛིན་ཡག་པོ་བྱས་པ་རེད།