བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ལ་ཚན་རྩལ་ཐད་ནས་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟབས་ཚན་རྩལ་གྱིས་ཞིང་འབྲོག་ལས་ཐོན་འཕར་ཡོང་བར་ཐོན་པའི་ནུས་པ་ཉིན་རེ་ལས་མ་བསྡད་པར་མངོན་གསལ་དོད་དུ་འགྲོ་ཞིང་། ད་བར་བོད་ཀྱི་ཞིང་འབྲོག་ལ་ཚན་རྩལ་གྱི་ནུས་པ་ཐོན་ཤུགས་45%བར་མཐོ་རུ་ཕྱིན་ནས་2005ལོའི་32%ལས་13%ཡིས་མང་བ་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་དཔྱད་གཞི་ལས། ཞིང་འབྲོག་ལས་ནི་བོད་ཀྱི་ཐོན་ལས་གཙོ་བོའི་གྲས་ཡིན་ནའང་། དུས་ཡུན་རིང་པོར་ཐོན་སྐྱེད་བྱེད་སྟངས་གདོད་མའི་རྣམ་པ་དང་རྗེས་སུ་ལུས་པའི་དབང་གིས་ཞིང་འབྲོག་ལས་འཕེལ་ཚུལ་ཅུང་ཞན་པོ་ཡོད། ཀྲུང་དབྱང་གི་ཐོན་ལས་སྲིད་ཇུས་ཀྱི་འདེགས་སྐྱོར་འོག་བོད་ཀྱི་ཞིང་འབྲོག་ལས་དེང་རབས་ཅན་དུ་འགྱུར་ཚད་ཆེས་ཆེར་མཐོ་རུ་སོང་ནས་ཚན་རྩལ་གྱི་ནུས་པ་མངོན་གསལ་དོད་པོས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ཞིང་། འབྲུ་འབབ་དེ་1959ལོའི་ཏུན་ཁྲི་18.29ནས་2014ལོའི་ཏུན་ཁྲི་98.5བར་འཕར་བ་མངོན་ཡོད།
ད་ཆ་ཚན་རྩལ་ཡར་རྒྱས་འགྲོ་བ་དང་གསར་དུ་བཏོད་པར་བརྟེན་ནས་བོད་ཀྱི་ཞིང་འབྲོག་ལས་ཀྱི་འཕར་གཞི་འཕར་སྟངས་ལ་འགྱུར་བ་བྱུང་ནས་ནས་དང་འབྲི་གཡག་སོགས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཁོངས་ཀྱི་ལས་སྣོན་ཐོན་ཟོག་སྔ་རྗེས་སུ་གསར་སྤེལ་བྱས་ནས་ཞིང་ཕྱུགས་ཐོན་ཟོག་གི་སྤུས་ཚད་དང་བདེ་འཇགས་གཉིས་ཀ་མཐོ་རུ་སོང་སྟེ་ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཁྲོམ་རའི་ལམ་ཡངས་པོ་ཞིག་ཕྱེ་ཐུབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཕྱིས་འབྱུང་བོད་ཀྱིས་ནས་དང་། སྤྱི་གནོད་མེད་པའི་སྔོ་ཚལ། བཟའ་ལོ་བའི་ཤ་མོ། འབྲི་གཡག བཞོན་མ། ཁུལ་ལྡན་ར། བོད་བྱ། བོད་ཕག སྨན་རྒྱུ་སོགས་བོད་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་ཐད་ཚད་བརྒལ་གསར་པ་བྱུང་ནས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ལྷུ་ཚིགས་ཁག་གི་ལག་རྩལ་མཐོ་རུ་སོང་སྟེ་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལག་རྩལ་གྱི་འདེགས་སྐྱོར་མ་ལག་ཅིག་མགྱོགས་མྱུར་ཆགས་བཞིན་ཡོད།