དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་ཉ་པའི་གྲོང་ཚོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-19

    གླེང་གཞི།

    “འཇུན་པ”ནི་བོད་དང་ཐ་ན་མཚོ་བོད་ས་མཐོའི་ཐོག་ཉ་བཟུང་ནས་འཚོ་ཐབས་བྱེད་མཁན་གྲོང་ཚོ་ཆེས་ཉུང་ཤས་ཀྱི་གྲས་ཤིག་ཡིན། འཇུན་པ་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཁོངས་ཀྱི་ལྷ་ས་སྐྱིད་ཆུ་དང་ཡར་ཀླུང་གཙང་པོ་འབྲེལ་མཚམས་ཀྱི་བྱང་ལྷོ་ངོགས་སུ་གནས་ཡོད། ཉ་གྲོང་གི་ཕྱོགས་གསུམ་རི་བོས་བསྐོར་བ་དང་ཕྱོགས་གཅིག་ཆུ་བོས་བསྐོར་བ་དེ་ནི་གྲོང་ཚོའི་ལྷོ་ངོས་ཀྱི་པད་མ་བླ་མཚོ་ཡིན་པ་དེ་ཉིད་གཞན་ལས་ངོ་མཚར་ཆེ་བ་ཞིག་ཡོད། ཤོད་སྲོལ་ལ་དེ་གའི་ཉ་པ་ཞིག་གིས་ཀླུ་རྒྱལ་བསྐྱབས་པར་བརྟེན“ཀླུའི་ཞགས་པ”སྟེར་བ་རེད་ཅེས་སུ་གྲགས།

    ལོ་འཁོར་མོར་ཉ་བཟུང་ནས་འཚོ་ཐབས་བྱེད་པར་བརྟེན་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་འཇུན་པ་བས་བྲོ་བ་ཞིམ་པའི་འཇུན་པའི་ཉ་ཤའི་སྟོན་མོ་གཤོམ་གྱི་ཡོད་ཅིང་། འཇུན་པའི་ཉ་ཤའི་སྟོན་མོའི་ལོ་རྒྱུས་རིང་ཡང་ལོ་ངོ་སྟོང་ཕྲག་རིང་གདོད་མའི་བྲོ་བ་དེར་འགྱུར་ལྡོག་གང་ཡང་བྱུང་མེད། འཇུན་པའི་ཉ་ཤའི་སྟོན་མོའི་རྒྱུན་འཛིན་ནི་ཟས་མཆོག་ཅིག་ཡིན་ལ། མི་རིགས་ཀྱི་རིག་གནས་ཤིག་དེ་བས་ཀྱང་ཡིན། དེ་ལྟར་ཡིན་སྟབས་འཇུན་པའི་ཉ་ཤའི་སྟོན་མོ་དེ་ཉིད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བཅུག་ཡོད།

    འཇུན་པའི་ཉ་ཤའི་སྟོན་མོའི་བྲོ་བ་ཞིམ་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། འཇུན་པ་བས་ཉ་བཟུང་བའི་ལོ་རྒྱུས་རིང་ཤོས་དེ་སྲོང་བཙན་སྒམ་པོའི་དུས་བར་ཁུངས་འདེད་ཆོག ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པར་གཞིགས་ན། བཙན་པོའི་དུས་སུ་ཡར་ཀླུང་གཙང་པོ་དང་ལྷ་ས་སྐྱིད་ཆུའི་ངོས་སུ་ཉ་པ་ཐོག་མར་ཐོན་ཚུལ་བསམ་ཡས་གཙུག་ལག་ཁང་དང་། པོ་ཏ་ལ། ནོར་བུ་གླིང་ག་བཅས་ཀྱི་ལྡེབས་རིས་ལས་ང་ཚོས་གསལ་པོ་མཐོང་ཐུབ།

    འཇུན་པ་བས་ཉ་བཟུང་བའི་སྐོར་ཤོད་སྲོལ་འདི་འདྲ་ཞིག་ཡོད་པ་སྟེ། གནའ་བོའི་དུས་ནས་བཟུང་འཇུན་པ་གྲོང་ཚོ་དེ་ཡར་ཀླུང་གཙང་པོ་དང་ལྷ་ས་སྐྱིད་ཆུ་འབྲེལ་མཚམས་སུ་ཆགས། གཙང་ཆུ་དེ་གཉིས་ཀྱི་ས་དཔྱད་ལེགས་པོ་ཡོད་པ་ལས་དེ་གར་ཉ་འཕེལ་ཚད་ཧ་ཅང་མགྱོགས་པོ་བྱུང་ནས་ལྷ་ས་སྐྱིད་ཆུ་ཉ་ཡིས་ཁེངས་ནས་སྐྱིད་ཆུའི་ངོགས་སུ་ལུད་པ་དེ་དག་འཚོ་གནས་བྱེད་ཐབས་བྲལ་ཞིང་། སྤྱང་དྲུང་འཛོམས་པའི་ཉ་རྣམས་ཀྱིས་གཤོག་པ་སྤྱད་དེ་མཁའ་དབྱིངས་སུ་འཕུར་བར་བརྟེན་ཉི་མ་བསྒྲིབས་པས་ས་གཞི་མུན་ནག་ཏུ་གྱུར། གནས་ཚུལ་དེ་ཐོན་རྗེས“པད་མ་བླ་མཚོ”སྲུང་མཁན་རྔོན་པ་སྤང་ལེབ་འཛིན་པས་འཇུན་པ་བའིསྣེ་འཁྲིད་དེ་གཤོག་པ་སྐྱེས་པའི་ཉ་དེ་དག་བརྟུལ་ཆེད་ཉིན་མཚན་དགུའི་རིང་འཐབ་པ་བརྒྱུད་འཇུན་པ་བར་རྒྱལ་ཁ་ཐོབ། མ་གཞི་བོད་དུ་ཉ་ནི་དཀོན་མཆོག་གིས་མི་ཡུལ་ལ་མངགས་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཏེ་ཉ་ཤ་སྤོང་ཡང་མིའི་རིགས་ཀྱི་སྒྲིག་ལམ་སླར་གསོ་བྱེད་ཆེད་འཇུན་པ་བས་ཉ་ཟ་བ་མ་ཟད། དུས་དེ་ནས་བཟུང་འཇུན་པ་བའི་མི་རབས་ནས་མི་རབས་བར་ཉ་བཟུང་ནས་འཚོ་ཐབས་བྱེད་སྲོལ་དར་བ་མ་ཟད། ལོ་འཁོར་མོར་ཉ་བཟུང་བ་དང་ཉ་ཤ་བཟའ་བས་གང་སར་སྐད་གྲགས་ཆོད་པའི“འཇུན་པའི་ཉ་ཤའི་སྟོན་མོ”གཏོང་སྲོལ་དེ་ཡང་དར་བ་ཡིན།

    ང་ཚོས་དེ་རིང་བཅར་འདྲི་བྱ་ཡུལ་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། འཇུན་པའི་ཉ་ཤའི་སྟོན་མོའི་རྒྱུན་འཛིན་པ་ཉི་མ་རེད།

    དེང་སྐབས་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་མཚར་པ་ནང་སྲིད་འཛིན་གྲོང་ཚོའི་འཇུན་པ་རང་བྱུང་གྲོང་ཚོ་ནི་ལྷ་ས་སྐྱིད་ཆུ་དང་ཡར་ཀླུང་གཙང་པོ་འབྲེལ་མཚམས་སུ་ཆགས་ཡོད།

    སྒོ་འགྲམ་དུ་གཞུང་ལམ་བཟོས་ཡོད་པས་འཇུན་པ་བ་ཕྱུག་པོའི་ལམ་དུ་སྐྱོད་འགོ་ཚུགས། ལྷ་ས་ནས་གོང་དཀར་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་སྐབས་འཇུན་པ་གྲོང་ཚོར་སླེབས་ཉེའི་སར་ཀོ་གྲུའི་དབྱིབས་ཀྱི་སྐྲུན་དངོས་ཁག་གཅིག་གསར་འགོད་པའི་མིག་ལམ་དུ་འཆར་བྱུང་། སྐད་ཆ་དྲིས་རྗེས་དེ་ནི་གང་སར་སྐད་གྲགས་ཆོད་པའི་འཇུན་པ་ཉ་གྲོང་ཡིན་པ་ཤེས་བྱུང་། ད་བྱེད་དུས་འཇུན་པ་བས་ཕུན་སུམ་ཚོགས་པའི“ཉ་ཤའི་སྟོན་མོའི་ཐོན་ཁུངས”ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་ཟིན་འདུག 

    163083_yis_1429078052400.jpg

    རྒྱུན་འཛིན་པ་ཉི་མས་ཉྭ་ཤ་སྐམ་བཞིན་ཡོད་པ།

    2009ལོར་ལྷ་ས་གྲོང་ཁྱེར་གྱིས་སྒོར་ཁྲི་266བཏང་ནས་འཇུན་པ་ཉ་གྲོང་གི་སྔར་ཡོད་ས་ཆའི་ཐོག“ཀོ་གྲུའི”དབྱིབས་ཀྱི་གསོལ་སྟོན་ཁང་དང་ཟ་ཁང་བསྐྲུན་ཡོད། གཞན་ཡང་འཇུན་པའི་ཉ་ཤའི་སྟོན་མོ་གྲ་རྒྱས་སུ་གཏོང་ཕྱིར་ལྷ་ས་གྲོང་ཁྱེར་གྱིས་ད་དུང་མ་དངུལ་བཏང་ནས་འཇུན་པ་ཉ་གྲོང་ལ་ཐད་ཀར་བསྐྱོད་སའི་སྣུམ་ནག་གཞུང་ལམ་བསྐྲུན་པ་རེད། འཇུན་པ་གྲོང་ཚོར་ཡུལ་སྐོར་བས་འཇུན་པའི་བྲོ་བ་ཞིམ་པའི་ཉ་ཤའི་སྟོན་མོ་མྱོང་རོལ་བྱེད་ཐུབ་ཁར་ངོ་མཚར་ཆེ་བའི་འཇུན་པའི་རིག་གནས་ཀྱང་མྱོང་རོལ་ཡང་བྱེད་ཐུབ།

    འདི་ལོ་ལོ་50ཙམ་ལ་སླེབས་པའི་ཉི་མ་གདོང་མདོག་སྨུག་པོར་གྱུར་ཡང་མཆུ་ཏོ་དམར་ལ་མིག་གཉིས་ནས་འོད་མདངས་འཕྲོ་གི་འདུག སྤྱང་གྲུང་དོད་པའི་ཉི་མ་གཞོན་དུས་གྲོང་ཚོའི“འགོ་ཁྲིད”ཡིན་ཡང་ད་ཆ་ལས་གནས་ནས་ཁ་བྲལ་ཟིན།

    འཇུན་པ་བས་ཉ་འཛིན་སྐབས་སྤྱོད་པ་ནི་ཤིང་གྲུ་མིན་པར་བོད་ཀྱི་ཁྱད་ཆོས་ལྡན་པའི་ཀོ་གྲུ་ཡིན་པ་རེད། ཀོ་གྲུ་དེ་རིགས་སྤྱིར་ན་གཡག་ཀོ་བཞིས་བཙེམས་རྗེས་ཤིང་སྒྲོམ་གྱི་ཐོག་ཏུ་གཡོགས་པ་དང་ཀོ་བར་ཆུ་ཕོག་རྗེས་མཉེན་དུ་འགྲོ་བ་དང་སྐམ་རྗེས་ཡང་དུ་འགྲོ་བར་བརྟེན་དྲག་ཏུ་རྒྱུག་པའི་ཆུ་བོའི་ཉེན་ཁ་བཟོད་ཐུབ་ལ་འཁྱེར་བདེ་པོ་ཡང་ཡོད་པས་དེ་ནི་སྤྱོད་གོ་ཆོད་པའི་འགྲིམ་འགྲུལ་ཡོ་བྱད་ཅིག་རེད།

    ལོ་རེའི་བོད་ཟླ་3པར་འཇུན་པ་གྲོང་ཚོས“ཉ་འཛིན་དུས་ཆེན”གཏོང་སྲོལ་ཡོད་པ་དང་། ཉ་པ་ཚོས་ཀོ་གྲུ་སྒལ་པར་འཁུར་ཏེ་སྙན་པའི་གྲགས་པ་འབར་བའི་ཀོ་རྩེད་རྩེད་ནས་ལྷ་ཀླུ་གཞི་བདག་ལ་མཆོད་འབུལ་དང་ཉ་འཛིན་ཆོ་ག་སྤེལ་གྱི་ཡོད་པས་ངོ་མཚར་ལྟད་མོ་ཤིན་ཏུ་ཆེ།

    འཇུན་པ་གྲོང་ཚོར་ཉ་ཟ་སྟངས་ཧ་ཅང་མང་པོ་ཡོད་པ་དང་། ཉའི་རིགས་དང་ཁྱད་ཆོས་ལ་གཞིགས་ན་འཇུན་པ་བ་ཚོས་སྔ་མོའི་དམིགས་བསལ་གྱི་བཟོ་ཐབས་ལ་བརྟེན་ནས་ཉ་ཤའི“སྟོན་མོ”གཤོམ་གྱི་ཡོད། ཉི་མས་གསར་འགོད་པར“འཇུན་པའི་ཉ་ཤའི་སྟོན་མོའི”ནང་ཉ་རྗེན་དང་། ཉ་དམར་བཙོས། ཉ་ཁ་ཚ། ཉ་བསྲེགས་མ། ཉ་མོག ཉ་མགོའི་ཐང་། ཉ་སྐམ་ལྷེབ། ཙོང་སིལ་ཉ། ཉ་ཁོག་བཙོས། ཉ་ཤ་མངར་སྐྱུར་མ། སྲན་ཞོའི་ཉ་སོགས་སྣ་ཁ་20ཙམ་ཡོད་པ་དང་། ཉི་མས་མིང་དེ་དག་ཧ་ཅང་མགྱོགས་པོས་ཤོད་ཚུལ་ནི“འཇུན་པ་གྲོང་ཚོའི”“ཚལ་ཐོ་ཀློག་མཁན”ཞིག་དང་གཉིས་སུ་མ་མཆིས།

    འོན་ཀྱང་ཉི་མས་དེ་རིང་ང་ཚོས་འོས་སྦྱོར་གཟབ་རྒྱས་བྱ་རྒྱུ་ནི་ཉ་རྗེན་དེ་ཡིན། ཉ་རྗེན་བཟོ་སྐབས་རྒྱུ་ཆ་ལྷད་མེད་ཡིན་མིན་ལ་དང་དོན་ཆེན་པོ་བྱེད་པས་ལྷ་ས་སྐྱིད་ཆུའི་ནང་གི་ཉ་ཉན་ཡུས་ཀྱིས་བཟོ་གི་ཡོད། ཉ་ཉན་ཡུས་གཟུགས་སྟོབས་ཆེ་ལ་རྒྱགས་པ་དེ་ཡག་པར་བརྩི་གི་ཡོད། ཉ་མགོ་དང་། ནང་ཁྲོལ། ཉ་ཁྲབ་བཅས་གཙང་སེལ་བྱས་རྗེས་ཉ་ཤ་བཙབས་ནས་སུར་པན་དང་། ཚྭ། དེ་བཞིན་འཇུན་པའི་དམིགས་བསལ་གྱི་རི་སྐྱེས་སྨན་སྣ་ལྕ་བ་དང་གོ་སྙོད་རྒྱག་གི་ཡོད། ཉི་མས་དགའ་ཚོར་ཆེན་པོས་གསར་འགོད་པར“ང་ཚོས་སྤྱིར་བཏང་ཁ་ཚ་པོ་ཟ་གི་ཡོད། ཁ་ཇི་ཙམ་ཚ་བ་ཡོད་ན་དེ་ཙམ་གྱིས་བྲོ་བ་ཆེ་བ་ཡོད། ཤ་རྗེན་ཁ་གང་དང་སྤགས་རྡོག་གོང་གཅིག་བཟས་ན་བྲོ་བ་ཧ་ཅང་ཞིམ་པོ་ཡོད་པས་ཤ་རྗེན་བཟས་རྗེས་ཁ་ལག་གཞན་དག་རྩ་བས་ནས་ཟ་འདོད་མི་འདུག”ཅེས་བཤད་བྱུང་།

    163081_yis_1429078051838.jpg

    དེ་རྗེས་ཉི་མས་གསར་འགོད་པར་ཉ་མགོའི་ཐང་འོས་སྦྱོར་བྱས་ཤིང་། ཉི་མས་གསར་འགོད་པར“ཉ་མགོར་ཞག་ཚིལ་མང་པོ་ཡོད་རྐྱེན་ཚང་མས་དབྱུགས་ཕོད་ཀྱི་མེད་པས་བཟའ་གི་ཡོད། དུས་རྒྱུན་དུ་ཉ་ཤ་བཟའ་གི་ཡོད་པས་གྲོང་ཚོའི་ནང་གི་མི་ཚང་མ་ཉ་བཟའ་མཁས་པོ་ཡོད་པ་དང་ཉ་མགོ་དང་རྩམ་པ་མཉམ་དུ་བཟས་ཀྱང་ཉ་རུས་མིད་པར་ཟུག་གི་མེད”ཅེས་ངོ་སྤྲོད་བྱས་བྱུང་།

    འཇུན་པའི་ཉ་མགོའི་ཐང་དེ་ལའང་རྒྱུ་ཆ་ལྷད་མེད་ཡིན་མིན་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད། ཆུ་གཙང་མ་ཞིག་ནང་བཙོས་ནས་ཚྭ་ཅུང་ཙམ་བརྒྱབ་རྗེས་དམིགས་བསལ་གྱི་སྨན་སྣ་ལྕ་བ་དང་གོ་སྙོད་བརྒྱབ་ཚེ་དེ་མུར་བཟའ་ཆོག་གི་ཡོད།

    རི་སྐྱེས་སྨན་སྣ་དེ་དག་ནི་བོད་ཀྱི་དམིགས་བསལ་གྱི་རི་སྐྱེས་སྐྱེ་དངོས་ཤིག་ཡིན་ཞིང་། སྨན་སྣ་དེ་དག་བརྒྱབ་རྗེས་ཉ་དྲི་རྦད་དེ་མེད་པ་ཆགས་ཏེ་ད་གཟོད་གཞི་ནས་བྲོ་བ་ཞིམ་པའི་འཇུན་པའི་ཉ་ཤའི་སྟོན་མོ་གྲུབ་ཀྱི་ཡོད། འཇུན་པའི་ཉ་ཤའི་སྟོན་མོའི་ནང་གི་ཚལ་ཚང་མར་སྨན་སྣ་དེ་དག་རྒྱག་གི་ཡོད།

    གསར་འགོད་པའི་ངོས་ནས་བརྗོད་ན་འཇུན་པའི་ཉ་ཤའི་སྟོན་མོའི་དམིགས་བསལ་ཆེ་ཤོས་ནི་ཉ་མོག་རེད། ཤ་མོག་མང་པོ་མཐོང་མྱོང་ལ་མང་པོ་བཟའ་ཡང་མྱོང་། འོན་ཀྱང་ཉ་མོག་ནི་གོ་ཐེངས་དང་པོ་ཡིན།

    དེས་མ་ཚད་ཉའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཉ་མང་པོ་འཛིན་རྒྱུ་ཡོད་སྟབས་འཇུན་པའི་ཁྱིམ་དུད་མི་རེ་ངོ་རེས་ཉ་ཤ་སྐམ་གྱི་ཡོད། 

    བོད་དུ་ཉི་མ་འཕྲོ་ཡུན་རིང་བ་དང་ཉི་འོད་ཕུན་སུམ་ཚོགས་པོ་ཡོད་རྐྱེན་ཉི་སྐམ་བཏང་བའི་ཉ་ཤ་སྐམ་པོའི་བྲོ་བ་ཧ་ཅང་ཞིམ། ཉི་སྐམ་བཏང་བའི་ཉ་སྣུམ་ནང་བསྲེགས་དུས་དེའི་དྲི་ཞིམ་ཐག་རིང་པོ་ནས་ཚོར་ཐུབ་ཅིང་། སྨན་སྣ་གང་ཡང་རྒྱག་མི་དགོས་པར་འགྲམ་ཆུ་ལྡང་དགོས་པའི་བཟའ་བཅའ་ཞིག་ཏུ་གྱུར་གྱི་ཡོད།

    ཉི་མས་ངོ་སྤྲོད་བྱེད་ཐུབ་པ་མ་ཟད། ད་དུང་ཉ་ཤའི་ཁ་ལག་བཟོ་སྟངས་ཀྱང་ཡག་པོ་ཤེས་ཀྱི་ཡོད་པས་ཉ་ཤའི་སྟོན་མོའི་ནང་གི་སྣ་ཁ20ཙམ་ཚང་མ་ཁོང་གིས་བཟོ་ཐུབ་ཀྱི་ཡོད། 2010ལོར་འཇོན་ཐང་ཆེ་བའི་ཉི་མ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་སྟེ། འཇུན་པའི་ཉ་ཤའི་སྟོན་མོའི་རྒྱུན་འཛིན་པར་བདམས་ཡོད།

    ཉི་མས་གསར་འགོད་པར། དོན་དངོས་ཐོག་འཇུན་པ་གྲོང་ཚོའི་མི་ཚང་མས་ཉ་ཤའི་ཁ་ལག་བཟོ་སྟངས་ཤེས་ཀྱི་ཡོད། ཁོང་རང་ཉིད་ཀྱིས་ལོ་བཅུ་ལྷག་ཙམ་ནས་བཟུང་ཕའི་མཛུབ་སྟོན་འོག་ཉ་ཤའི་ཁ་ལག་བཟོ་སྟངས་ཤེས་ཀྱི་ཡོད། ཉི་མས“ཉ་ཤའི་ཁ་ལག་བཟོ་སྟངས་ནི་ཕ་མེས་ནས་རྒྱུད་པ་ཤ་སྟག་ཡིན་པ་ལས་དམིགས་བསལ་གང་ཡང་མེད་པ་དང་ཉ་བཟོ་སྐབས་ལྷད་མེད་དང་སྔར་ཡོད་ཀྱི་བྲོ་བ་གང་ཡིན་པ་དེ་སོར་འཇོག་བྱ་རྒྱུར་དང་དོད་བྱེད་ཀྱི་ཡོད”ཅེས་བཤད།

    ཉི་མས་གསར་འགོད་པར་ལོ་རེའི་སྟོན་བསྡུ་ཚར་རྗེས་གྲོང་ཚོའི་ནང་གི་ཁྱིམ་ཚང་ཚང་མས་ཉ་ཤའི་སྟོན་མོ་གཤོམ་གྱི་ཡོད། ཉ་ཤའི་སྟོན་མོ་གཤོམ་སྐབས་གྲོང་ཚོ་ཧྲིལ་པོའི་ནང་ཉ་ཤའི་དྲི་ཞིམ་འཐུལ་གྱི་ཡོད།

    ཉི་མས་དགའ་ཚོར་ཆེན་པོས་གསར་འགོད་པར། “ཉ་འཛིན་པར་ཁྲལ་སྐྱེལ་དགོས་མེད་པ་མ་ཟད། ད་དུང་ཕྱུག་འགྱུར་བྱེད་ཐུབ”ཅེས་བཤད། ད་ཆ་སྲིད་གཞུང་གི་རོགས་རམ་འོག་གྲོང་ཚོའི་ནང་དུ་ཉ་ཤའི་ཟ་ཁང་བཙུགས་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས་མང་ཚོགས་ཕྱུག་པོའི་ལམ་དུ་བསྐྱོད་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་འཇུན་པ་གྲོང་ཚོས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུ་གི་ཡོད།

    ཉི་མས་སྤོབས་པ་དང་བཅས“ད་ཆ་ང་ཚོའི་གྲོང་ཚོའི་ནང་ཉ་ཤའི་ཟ་ཁང་བཙུགས་ཡོད་པ་མ་ཟད། ད་དུང་ཆུ་ཤུར་རྫོང་དུའང་ཉ་ཤ་ཟ་ཁང་བཙུགས་ཡོད། རྗེས་སུ་ང་ཚོས་ད་དུང་འཇུན་པའི་ཉ་ཤའི་སྟོན་མོ་དེ་ལྷ་ས་གྲོང་ཁྱེར་དང་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྩིས་ཡོད”ཅེས་བཤད་བྱུང་།

    163082_yis_1429078052119.jpg

    ཡུལ་སྐོར་བས་འཇུན་པའི་ཉ་ཤའི་སྟོན་མོར་རོལ་བ།

    ཉི་མས་གསར་འགོད་པར། ད་ཆ་ཁོང་གི་བསམ་འདུན་ཆེ་ཤོས་ནི་འཇུན་པའི་ཉ་ཤའི་སྟོན་མོ་གཤོམ་སའི་ཟ་ཁང་ཞིག་བཙུགས་ཏེ་མི་དེ་བས་མང་བར་འཇུན་པའི་ཉ་ཤའི་བྲོ་བ་མྱོང་དུ་འཇུག་རྒྱུ་དང་འབྲེལ་འཇུན་པའི་ཉ་ཤའི་སྟོན་མོ་དེ་ཉིད་རྒྱུན་འཛིན་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ཞེས་བཤད་བྱུང་།

    ང་ཚོས་མགྱོགས་ཙམ་ཉི་མའི་ཕུགས་འདུན་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།