དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་ཞིང་འབྲོག་པས་གྲོང་ཁྱེར་དུ་བསྐྱོད་ནས་འཚོ་བ་གསར་པ་སྐྱེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-14

    “ད་ཆ་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་འདུག་པས་སྣེ་ཤན་པ་ཞིག་བྱས་ཚེ་ཟླ་རེར་ཡོང་འབབ་ཧ་ལམ་སྒོར་6000ཙམ་རག་གི་འདུག དེའི་དབང་གིས་ང་རང་གྲོང་ཁྱེར་དུ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་རྒྱུར་ཡིད་ཆེས་ཆེན་པོ་བྱེད་བཞིན་ཡོད་ལ་གྲོང་ཁྱེར་ནང་འཚོ་བ་སྐྱེལ་རྒྱུར་ཡང་ཧ་ཅང་དགའ་པོ་ཡོད”ཅེས་བརྗོད་ཀྱིན་ཡུལ་སྐོར་བ་ཁྱུ་གཅིག་འཁྲིད་རྗེས་ལོ་34སོན་པའི་ཀུན་བཟང་གིས་ཕོ་བྲང་པོ་ཏ་ལར་ལྟ་བཞིན་སེམས་ནང་དགའ་ཚོར་ཆེན་པོ་བྱེད་བཞིན་འདུག

    ལོ་5ཡི་གོང་ཀུན་བཟང་གིས་རང་གི་ཕ་ཡུལ་གཞིས་རྩེའི་ཞིང་ལས་བྱེད་མཚམས་བཞག་ནས་ལྷ་སར་ཡོང་སྟེ་ཉིན་མོ་བུ་རྫི་བྱས་པ་དང་དགོང་མོ་མཚན་མོའི་སློབ་གྲྭར་དབྱིན་ཡིག་སྦྱོང་བར་བསྐྱོད་པ་དང་ལོ་གཉིས་སོང་རྗེས་ཡིག་རྒྱུགས་ནང་ཞུགས་ནས་སྣེ་ཤན་པའི་ལག་ཁྱེར་བླངས། ད་ཆ་ལྷ་སར་ཀུན་བཟང་ལ་རང་གི་ཁང་པ་ཡོད་ཅིང་། ཁོ་མོས“དང་ཐོག་རང་གི་ཕ་ཡུལ་གྲོང་གསེབ་ནས་བྲལ་དུས་ནང་མི་ཚོས་མོས་མཐུན་དེ་ཙམ་བྱེད་ཀྱི་མི་འདུག ཁོང་ཚོས་ང་རང་གྲོང་ཁྱེར་ནང་མི་འཕྲོད་པའི་ཐུགས་ཁྲལ་གནང་གི་འདུག ཡིན་ནའང་ང་རང་གིས་འབད་བརྩོན་བྱས་པ་བརྒྱུད་གྲོང་ཁྱེར་ནང་ལས་ཀར་ཞུགས་པའི་གོ་སྐབས་མང་པོ་འདུག”ཅེས་བཤད་བྱུང་།

    གྲོང་ཁྱེར་ནང་འཚོ་བ་སྐྱེལ་རྒྱུའི་ཀུན་བཟང་གི་ཕུགས་འདུན་ནི་ཞིང་འབྲོག་པ་མང་པོ་ཞིག་གི་གྲོང་ཁྱེར་ནང་འཚོ་བ་གསར་པར་རོལ་རྒྱུའི་ཕུགས་འདུན་གྱི་མཚོན་ཚུལ་ཞིག་ཡིན་ཞིང་། འདུ་འཛི་ཆེ་བའི་ལྷ་སའི་ཁྲོམ་གཞུང་ཁག་གི་ཚོང་ཁང་དང་། མིག་ཤེལ་ཚོང་ཁང་། གྱོན་གོས་ཚོང་ཁང་། གསོལ་མགྲོན་ཁང་། ཟ་ཁང་སོགས་སུ་སྐྱོད་སྐབས་ཆབ་མདོ་དང་། ནག་ཆུ། མངའ་རིས་སོགས་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་ནས་ཡོང་བའི་ལས་མི་མང་པོ་མཐོང་རྒྱུ་ཡོད།

    གྲངས་གཞི་ལས་མངོན་པར་གཞིགས་ན། 2014ལོར་བོད་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་25.75%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་1980ལོའི་མི་ཁྲི་28.7ནས་ད་ཆའི་མི་ཁྲི་80ཙམ་བར་མང་དུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་ལྟེ་བར་བྱེད་པ་དང་། ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་ཉིང་ལག་ཏུ་བྱེད་པ། རྫོང་གྲོང་དང་། མཐའ་མཚམས་གྲོང་རྡལ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་དྲ་རྒྱར་བྱེད་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཅིག་རགས་ཙམ་ཆགས་ཡོད།

    གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་བ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དེང་རབས་ཤེས་དཔལ་ལས་བྱུང་བའི་གྲུབ་འབྲས་ལོངས་སྤྱོད་དེ་བས་གང་ལེགས་ཐུབ་ཅིང་། ལྷ་ས་གྲོང་ཁུལ་ལ་དཔེ་བཞག་ནས་བརྗོད་ཚེ་ཐོག་བརྩེགས་ཁང་ཆེན་གང་སར་མཐོང་རྒྱུ་ཡོད་ལ་གཞུང་ལམ་དྲ་རྒྱ་ཞིག་ཆགས་པ་དང་། གྱོན་ཆས་ཚོང་ཁང་ནང་སྤུས་རྟགས་གྱོན་གོས་སྣ་ཚོགས་མཐོང་རྒྱུ་ཡོད་ལ་མེ་འཁོར་བབས་ཚུགས་སུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་ཡོད་པ། བྱིས་པའི་རོལ་རྩེད་གྲོང་ནང་ཕྲུ་གུ་ཚོ་རྩེད་འཇོར་རོལ་བཞིན་ཡོད་ལ་ཁ་ཁུ་སིམ་པའི་ཀོག་ཧྥེའི་འཐུང་ཁང་ནང་མི་རྣམས་སྤྲོ་གསེང་ལ་ཞུགས་པ། གློག་བརྙན་ཁང་དུ་ལྟད་མོ་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་བལྟ་རྒྱུ་ཡོད་ལ་རོལ་རྩེད་ཁང་གི་KTVནང་རང་འདོད་བཞིན་གླུ་གཞས་གཏོང་རྒྱུ་ཡོད་པ་བཅས་ལས་ལྷ་ས་གྲོང་ཁྱེར་དེ་ཉིད་འཛམ་གླིང་ཡང་རྩེའི་ཐོག་གི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད།

    བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཧོ་ཀང་གིས་རྒྱལ་ཡོངས་དང་ནུབ་རྒྱུད་ས་ཁུལ་གཞན་དག་དང་བསྡུར་ཚེ་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་སྔར་བཞིན་རྗེས་སུ་ལུས་པ་དེས་བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་པ་མ་ཟད། ད་དུང་བོད་ལྗོངས་དེ་ཉིད་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་མིན་དང་ཡང་འབྲེལ་བ་ཡོད་ཅེས་བཤད་བྱུང་།

    གནས་ཚུལ་དེར་དམིགས་ནས་བོད་ཀྱིས་འདི་ལོའི་ལོ་སྟོད་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་སྤེལ་གཏོང་བའི་ལས་དོན་ཚོགས་འདུ་འཚོགས་ནས་2020ལོར་སླེབས་སྐབས་བོད་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་30%ཡན་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་རྒྱུན་སྡོད་མི་འབོར་ཁྲི་28ཙམ་ཟིན་པ། མི་ཁྲི་10ནས་50བར་གྱི་གྲོང་ཁྱེར་དང་གྲོང་རྡལ་3ཟིན་པ། མི་ཁྲི་5ནས་10བར་གྱི་གྲོང་ཁྱེར་དང་གྲོང་རྡལ་2ཟིན་པ། ཞིང་ལས་བྱེད་མཁན་མིན་པའི་བསྡུར་ཚད་70%ཟིན་པ་བཅས་ཀྱི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།

    ཧོ་ཀང་སོགས་མཁས་དབང་ཚོས་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་སྔར་བས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་དུ་གནས་སྡོད་དང་། འཚོ་བ་སྐྱེལ་མཁན། ཕུགས་འདུན་འགྲུབ་མཁན་བཅས་ཇེ་མང་དུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།