“སྟེགས་བུ”བརྟན་ཆེ་བ། སྤུས་རྟགས་གྲགས་ཆེ་བ། ཚོང་ལམ་རྒྱ་ཆེ་བ།
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཁྲོམ་རའི་འཛད་སྤྱོད་བྱེད་སྟངས་འགྱུར་མགྱོགས་སུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་འཛད་སྤྱོད་ཀྱི་དགོས་མཁོ་ནུས་ལྡན་ངང་སྐུལ་སློང་བྱས་ཏེ་ཁེ་ལས་མང་པོས་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་བྱེད་སྒོ་རབ་དང་རིམ་པའི་ནང་རང་འགུལ་ངང་ཞུགས་ཡོད། བོད་ལྗོངས་གཙང་ཡོན་ནས་ཆང་ཚད་ཡོད་ཀུང་སི་དང་ཞིང་པའི་དབར་ནས་འདེབས་འཛུགས་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པས་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཁྱིམ་ཚང་ཡོང་འབབ་མང་དུ་སོང་ཞིང་། འདི་ནི་ཀུང་སིའི་ལས་མིས་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།
ལྷ་སའི་གྲོང་མི་ཡིན་པའི་བདེ་སྐྱིད་ལ་མཚོན་ན། དགུན་ཁ་འདི་སྤྲོ་སྐྱིད་ལྡན་པ་ཞིག་ཡིན་ཏེ། ལྷ་ས་གྲོང་ཁྱེར་གྱི“དགུན་སྟོན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཟླ་བའི”བྱེད་སྒོའི་ཁྲོད་ཁོང་གིས་བྲིན་ཚོང་རིན་གོང་ཐོག་ནས་དྲོད་སྲུང་ཐོན་རྫས་མང་པོ་ཉོས་པར་སྒོར་2000ལྷག་ཙམ་གྲོན་ཆུང་ཐུབ་ཡོད་པ་རེད།
ཉིན་འདི་དག་རིང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཕན་སྤྱི་ཤང་ལུང་དཀར་གྲོང་ཚོའི་ཉི་མ་ཆོས་འཕེལ་སེམས་པ་སྐྱིད་པོ་བྱུང་ཡོད་དེ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཇོ་མ་གླང་མ་ལྷོ་གཞས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པའི་ཐོག་ཁོང་གིས་རང་ཁྱིམ་གྱི་ཁུ་ལུ་དང་། མར། ཟོམ་པ། བལ་དང་རྩིད་པའི་ཐོན་རྫས་སོགས་བཙོངས་པར་བརྟེན་ནས་དངུལ་སྨར་གྱི་ཡོང་འབབ་མང་པོ་རག་པ་རེད།
བདེ་སྐྱིད་དང་ཉི་མ་ཆོས་འཕེལ་གཉིས་དང་འདྲ་བར་ཞིང་འབྲོག་མང་ཚོགས་དེ་བས་མང་པོ་ཞིག་ལ་རང་ལྗོངས་ཀྱི་ཁྲོམ་རའི་འཛད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་མགྱོགས་པོ་གཏོང་བ་དང་། ནང་མཁོ་འཕེལ་བར་བྱེད་པ། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་བྱེད་ཐབས་ཁྲོད་འབབ་འཕར་བྱུང་ནས་ཁྲོམ་རའི་དཔལ་འབྱོར་གྱི་ཕན་ཆ་ལོངས་སུ་སྤྱོད་ཐུབ་ཡོད་པ་རེད།
སྟེགས་བུ་རྒྱ་ཆེར་བསྐྲུན་ནས་ཁྲོམ་ར་འཁྲུག་ཏུ་བཏང་བ།
ནག་ཆུ་ས་ཁུལ་ཡིད་འཕྲོག་དབྱར་རྩྭ་དགུན་འབུ་འགྲེམས་སྟོན་སྐབས་དྲུག་པར་འགྲེམས་ཞུགས་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་500དང་། ཉོ་ཚོང་བྱེད་ཚད་སྤྱི་རྒྱ་37.03 ཉོ་ཚོང་དངུལ་འབོར་སྒོར་ཁྲི་668.085ཟིན་པ་དང་། ཉིང་ཁྲི་ཚོང་འདུས་སྐབས་བཅུ་པ་དང་ཉིང་ཁྲི་ཤ་མོ་ཟས་ཞིམ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་ཐོག་རྣམ་གྲངས་26བཞག་ནས་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་45.96ཟིན་པའི་ནང་གི་གྲོས་མཐུན་རྣམ་གྲངས་4ལ་མ་འཇོག་བྱས་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་15.34ཟིན་པ་དེ་དག་ཡུལ་སྐོར་དང་། བོད་སྨན། ཁྱད་ལྡན་ཞིང་འབྲོག་ལས། རིག་གནས། ལས་སྣོན་ལས་རིགས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་དང་། ས་ཁུལ་ཁག་གི་དངོས་ཟོག་ཚོང་འདུས་བྱེད་སྒོ་རིམ་གྱིས་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
2014ལོའི་ཟླ་དགུ་པར་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དང་པོས་ཐབས་ལམ་མང་པོ་དང་བྱེད་སྟངས་སྣ་ཚོགས་བརྒྱུད་ཚོང་འགུགས་མ་འདྲེན་བྱས་ནས་ཁྱོན་དཔལ་འབྱོར་མཉམ་ལས་རྣམ་གྲངས་33ལ་མིང་རྟགས་བཀོད་པ་དེ་དག་གི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་387ཟིན་པ་དང་། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སོགས་སྟེགས་བུ་སྣ་ཚོགས་ནི་དངོས་ཟོག་ཉོ་ཚོང་དང་། དཔལ་འབྱོར་འཁོར་སྐྱོད། རིག་གནས་སྤེལ་རེས་བཅས་གཞི་གཅིག་ཏུ་བསྒྲིལ་བའི་འདུ་ཚོགས་ཡིན་ལ། བརྒྱུད་རིམ་དེའི་ཁྲོད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཚོགས་ཞུགས་ཧུར་སེམས་ཆེ་རུ་དང་ཁྲོམ་རའི་འདུ་ཤེས་ཟབ་ཏུ་ཕྱིན་ནས་བཀྲག་མདངས་འཚེར་ས་གསར་པ་མང་པོ་ཞིག་མངོན་པས་རང་ལྗོངས་ཀྱི་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་ལས་ཐོན་རྫས་དྲིལ་བསྒྲགས་འོས་སྦྱོར་བྱེད་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད།
2014ལོའི་ལོ་སྨད་དུ་ནག་ཆུ་དང་འདམ་གཞུང་གི་རྟ་རྒྱུགས་དུས་ཆེན་དང་། གཞིས་རྩེའི་ཇོ་མོ་གླང་མ་རིག་གནས་དུས་ཆེན། ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན། ལྷ་སའི་ཞོ་སྟོན་སོགས་སྔ་རྗེས་སུ་གཉེར་ནས་དུས་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཀྱིས་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་པ་རེད།
2014ལོའི་ཟླ་11ཚེས་15ཉིན་ནས་ཟླ་12ཚེས་31ཉིན་བར་ལྷ་ས་གྲོང་ཁྱེར་གྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི“དགུན་སྟོན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཟླ་བའི”བྱེད་སྒོའི་ཕྱིར་ཚོང་བསྡོམས་འབོར་ཆེས་ཆེར་འཕར་ཡོད། ཐེངས་འདིའི་བྱེད་སྒོའི་ཐོག་ལྷ་སའི་ཚོང་དོན་ཁེ་ལས་ཆེ་གྲས་ཀྱི་ཕྱིར་ཚོང་ཁང་སྟེགས་བུར་བྱས་ནས་ལས་རིགས་ཆེན་པོ་ཁག་ཏུ་རྣམ་པ་ཕུན་སུམ་ཚོགས་པའི་བྲིན་ཚོང་བྱེད་སྒོ་སྤེལ་ཞིང་། དེར་ཞུགས་མཁན་ལས་རིགས་ནང་བརྒྱ་ཟོག་དང་། སྒོ་རྩིས་ཚོང་ཁང་། ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར་ཕྱིར་ཚོང་སོགས་ཡོད་ལ། བྱེད་སྒོའི་ཐོག་ཁེ་ལས་ཁག་ལ་རྒྱ་ཆེའི་འཛད་སྤྱོད་པ་ཚོར་རིན་གོང་ཁེ་ཞིང་གདམ་གསེས་མང་བའི་འཛད་སྤྱོད་ཁོར་ཡུག་མཁོ་འདོན་བྱས་ནས་ལས་རིགས་ནང་ཁུལ་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་གྱིས་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། དཔལ་འབྱོར་འཕར་ཚད་ལ་སྐུལ་ཁྲིད་བྱེད་རྒྱུ་བཅས་ཀྱི་སྐུལ་སློང་བྱས་པ་རེད།
སྲིད་ཇུས་ཞིབ་གསལ་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ།
“དུས་ཡུན་རིང་པོའི་ནང་ལྗོངས་ཡོངས་ཀྱི་ཚོང་དོན་ལས་དོན་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་བས་འཛད་སྤྱོད་རྒྱ་ཆེར་དང་། ཁྲོམ་ར་བརྟན་གཏོང་། སྒོ་དབྱེར་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད”ཅེས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཚོང་དོན་ཞབས་ཞུ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་བདེ་སྐྱིད་དཔལ་སྒྲོན་གྱིས་ངོ་སྤྲོད་བྱས་པ་རེད།
2014ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ཁང་དམར་དང་འབྲོང་པ་སོགས་རྫོང་ཁག་ཏུ་མཐའ་མཚམས་ཚོང་འདུས་དང་གཅིག་སྡུད་ཉོ་ཚོང་བྱེད་སྒོ་ཐེངས་དྲུག་གཉེར་བར་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་1.1ཟིན་ནས་མཐའ་མཚམས་མང་ཚོགས་ཀྱི་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད། འདུ་ཚོགས་ལས་རིགས་དང་ཚོང་ཟོག་འགྲེམས་ཚོགས་སྔར་བས་རྒྱ་ཆེ་གཉེར་ནས་རྫོང་ཁག་ལ་དངོས་ཟོག་ཚོང་འདུས་དང་། ཞིང་འབྲོག་ཐོན་རྫས་ཉོ་ཚོང་འདུ་ཚོགས། ཚོང་ཟོག་འགྲེམས་ཚོགས་བཅས་སྣ་ཚོགས་གཉེར་ཐོག་ནང་ཁུལ་འཁྲུག་གཏོང་དང་ཕྱི་ཕྱོགས་སྒོ་དབྱེ་བྱེད་རྒྱུར་ཞབས་འདེགས་སྔར་བས་ཡག་པོ་ཞུས་ནས་ཞིང་འབྲོག་མང་ཚོགས་ཚོས་རྒྱུན་མཐུད་འཛད་སྤྱོད་བྱེད་རྒྱུར་སྐུལ་འདེད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་ཡང་དག་པ་བྱས་པ་རེད།
2014ལོའི་རྒྱལ་སྟོན་གུང་གསེང་རིང་གི་ཆབ་མདོའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1734ཟིན་པ་དེ་དུས་མཚུངས་ལས་25%འཕར་བ་དང་། རླངས་འཁོར་འཛད་སྤྱོད་ཐད་ཀྱི་དངུལ་བུན་དང་། སྤྱོད་ཤན་ཆེ་བའི་འཛད་རྫས་ཐད་ཀྱི་དངུལ་བུན། བཅོལ་འཛིན་དང་རྒྱལ་མཛོད་དངུལ་འཛིན་གཏའ་འཇོག་གི་དངུལ་བུན་སོགས་ཀྱི་སྣ་ཁ་དང་རྣམ་པའི་འཛད་སྤྱོད་ཡིད་རྟོན་དངུལ་བུན་ཡང་རིམ་གྱིས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྟོན་དགུན་གཉིས་སུ་འཛད་སྤྱོད་ཁྲོམ་ར་རིམ་གྱིས་འཁྲུག་ཏུ་འགྲོ་གི་ཡོད་པ་རེད། རང་ལྗོངས་ཀྱིས་ནོར་སྲིད་ཁ་གསབ་སྒོར་དུང་ཕྱུར་1བྱས་པའི་རྨང་གཞིའི་ཐོག་འཛད་སྤྱོད་གསབ་དངུལ་ངེས་ཅན་ཞིག་སླར་ཡང་གཅིག་འདོམས་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཚོའི་འཛད་སྤྱོད་དགོས་མཁོ་འཕེལ་བར་བྱས་པ་རེད། འབྲུ་རིགས་དང་ཞིང་སྤྱོད་མ་དངུལ་གྱི་ཀྱི་ཐད་ཀའི་ཁ་གསབ་སོགས་ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་པར་ཕན་པ་འདོགས་པའི་སྲིད་ཇུས་རང་བཞིན་གྱི་འབབ་འཕར་བྱེད་ཐབས་ཁག་ལག་བསྟར་ཡག་པོ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་ནུས་པ་སྔར་བས་ཆེ་རུ་བཏང་བ་རེད། དེ་དང་ཆབས་ཅིག་ཚོང་ར་ཆེ་གྲས་དང་དེ་བཞིན་གྱོན་ཆས་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས། རིན་ཆེན་རྒྱན་ཆ་སོགས་འཚོང་གཉེར་བྱེད་མཁན་སྒྲིག་འཛུགས་བྱས་ནས“དམངས་ཆེད་དམངས་ཕན་གྱི་བྲིན་ཚོང་བྱེད་སྒོ”སྤེལ་བ་དང་། དགུན་ཁའི་ཞིང་འབྲོག་ཁུལ་གྱི་ཞིང་འབྲོག་ཐོན་རྫས་ཉོ་ཚོང་འདུ་ཚོགས་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་མངོན་པའི་འཛད་སྤྱོད་དགོས་མཁོ་དེ་དུས་འཕྲལ་འཛད་སྤྱོད་ལ་བསྒྱུར་བ་རེད། གློག་རྡུལ་ཚོང་དོན་འཕེལ་རྒྱས་མགྱོགས་སུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་གྲུབ་ཆ་རིམ་སྤོར་བྱེད་ཕྱོགས་དང་བསྟུན་ནས་བཟའ་བཅའ་དང་། རོལ་རྩེད། སྤྲོ་གསེང་བཅས་ཐད་ཀྱི་འཛད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་མགྱོགས་པོ་བཏང་སྟེ་འཛད་སྤྱོད་ཚོགས་སྤྱི་མི་འདྲ་བ་དག་གི་དགོས་མཁོ་བསྐངས་བ་རེད། ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་སྐྱོད་པ་དང་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་སྐྱོད་པའི་བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
གཞན་ཡང་རང་ལྗོངས་ཀྱིས“ལྷ་སའི་དགུན་དུས་ཀྱི་ས་ཁང་བདག་ཁོངས་ཚོང་འདུས”དང“ལྷ་སའི་དགུན་དུས་རླངས་འཁོར་ཁྲོམ་རའི་མཉམ་འབྲེལ་འགྲེམས་སྟོན”གྱི་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཁང་པ་དང་རླངས་འཁོར་ཉོ་བའི་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་སྟེ་ཚོང་ཟོག་ཆེ་གྲས་འཛད་སྤྱོད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཀྱི་ལས་ཁུངས་བྱ་གཞག་ཚན་པའི་དུས་ཐེངས་དང་པོ་དང་གཉིས་པའི་ལས་ཤག་བགོ་བཤའ་མགྱོགས་པོ་རྒྱག་པ་དང་། ལས་ཤག་བོགས་གཏོང་དང་བྲིན་ཚོང་བྱེད་པའི་སྲིད་ཇུས་བཟོས་ནས་འདོན་པ། ལས་བྱེད་ལས་བཟོར་ལས་ཤག་ཉོ་རྒྱུའི་སྐུལ་སློང་བྱེད་པ་བཅས་བྱས་ནས་ཁང་པ་མཛེས་བཟོ་དང་ཁྱིམ་ཆས་སོགས་འབྲེལ་ཡོད་ལས་རིགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད།
གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2014ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་རང་ལྗོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་235.11བྱུང་བ་དང་13.1%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.7འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ཁེ་ལས་ཧུར་ཐག་ཞུགས་རྒྱུར་སྐུལ་མ་བཏང་བ།
རང་ལྗོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཚུན་འབྲེལ་ཡོད་ཁེ་ལས་ཁག་ཚང་མས་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ“བྲིན་ཚོང་བསྡོམས་འབོར་འཕར་བ་དང་མི་མང་པོ་འཛོམས་པ”བྱ་རྒྱུ་ནི་ཁོང་ཚོའི་ཐུན་མོང་གི་བསམ་འདུན་ཞིག་རེད།
ལེ་པའེ་ལུང་སྒོ་རྩིས་ཚོང་ཁང་གི་ཅིང་ལི་པའེ་ལགས་ཀྱིས་གསར་འགོད་པར་ལོ་ལྟར་སྲིད་གཞུང་གིས་གཉེར་བའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ནང་ལེ་པའེ་ལུང་སྒོ་རྩིས་ཚོང་ཁང་གིས་ཧུར་ཐག་ཞུགས་ཀྱི་ཡོད། སླད་ཕྱིན་ཡང་སྲིད་གཞུང་གི་འབོད་སྐུལ་མུ་མཐུད་དང་ལེན་ཞུས་ནས་དྲིལ་བསྒྲགས་ལས་དོན་ཡག་པོ་སྤེལ་ཏེ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མི་སེར་ཚོར་བསམ་བློ་གཏོང་གི་ཡིན་ཞེས་བཤད།
བོད་ལྗོངས་རླངས་འཁོར་བཟོ་ལས་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་སྐུ་ཞབས་ཏང་ལགས་ཀྱིས་གསར་འགོད་པར་ན་ནིང“དགུན་དུས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཟླ་བའི”བྱེད་སྒོ་སྤེལ་ཚུན་ཀུང་སིས་རླངས་འཁོར་སྣ་ཚོགས་314བྲིན་ཚོང་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ཀྱི་278ལས་36མང་དུ་ཕྱིན་པ་དང་12.94%འཕར་ནས་བྲིན་ཚོང་གི་ཡོང་འབབ་སྒོར་ཁྲི་2281.78བྱུང་ཡོད་ཅེས་བཤད།
ཧྲེན་མའེ་ཅ་སྒོ་རྩིས་ཚོང་ཁང་གི་ཅིང་ལི་རེན་ལགས་ཀྱིས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་དེ་ནི་ཁེ་ལས་རང་ངོས་ནས་བརྗོད་ན། གྲིབ་ལྡན་ཁེ་སྤོགས་ཕྲན་ཙམ་ཉུང་དུ་ཕྱིན་མོད། འོན་ཀྱང་མི་སེར་ཚོར་དངོས་ཕན་ཐོབ་ཡོད། སྲིད་གཞུང་གིས“སྟེགས་བུ”དེ་འདྲ་བཏོད་པས་ཁེ་ལས་ཀྱིས་ངེས་པར་དུ་ལས་དོན་དེ་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 尼玛次仁
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣