དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན། (2) 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།     |     སྤེལ་དུས།  2015-03-26

    10.རང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩ་དེ་རིགས་ཆེན་པོ་ག་ཚོད་དུ་དབྱེ་བ་ཡིན་ནམ།

    ལན་དུ།རང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩ་དེ་ནད་གཞི་ཆེ་རིགས་ཀྱི་གཅིག་གྱུར་གྲབས་གསོག་ཐེབས་རྩ་དང་།སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་གི་རྩིས་ཁོངས་ཐེབས་རྩ།སྨན་བཅོས་ཉེན་ཟོན་ཐེབས་རྩ་བཅས་རིགས་ཆེན་པོ་གསུམ་ལ་དབྱེ་བ་ཡིན།

    11.གང་འདྲ་ཞིག་ལ་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཁོངས་ཐེབས་རྩ་ཞེས་བརྗོད་དམ།

    ལན་དུ།སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཁོངས་ཐེབས་རྩ་ནི་ཞིང་འབྲོག་མང་ཚོགས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་རྩིས་ཞུ་དང་ཁ་གསབ་བྱེད་པའི་ཐེབས་རྩ་ཞིག་ཡིན།དེས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩའི་སྤྱིའི་འབོར་གྲངས་ཀྱི་བརྒྱ་ཆ་28ནས་བརྒྱ་ཆ་38བར་ཟིན་གྱི་ཡོད།2014ལོའི་རང་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་མ་དངུལ་གྲབས་གསོག་ཚད་གཞི་ནི་མི་རེར་ཆ་སྙོམས་སྒོར་400(ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྒོར་380དང་།མི་སྒེར་ནས་གྲབས་གསོག་བྱས་པའི་སྒོར་20)ཡིན།དེའི་ནང་ནས་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཁོངས་ཐེབས་རྩར་ལོ་རེར་མི་རེར་ཆ་སྙོམས་སྒོར་112ནས་152བར་ཟིན་གྱི་ཡོད།མིག་སྔར་རང་ལྗོངས་སུ་ཐེམ་དུད་རྩིས་གཞིར་བྱས་ནས་ཁྱིམ་ཚང་རྩིས་ཁོངས་ཐེབས་རྩ་བཙུགས་ཡོད་པ་དང་།ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩ་དེ་རྫོང(གྲོང་ཁྱེར་དང་ཆུས)གིས་གཅིག་གྱུར་དོ་དམ་བྱས་ན་ཁྱིམ་ཚང་རྩིས་ཁོངས་ཐེབས་རྩ་དེ་རྫོང(གྲོང་ཁྱེར་དང་ཆུས)དེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ནས་དོ་དམ་བྱེད་རྒྱུ་དང་།རྫོང(གྲོང་ཁྱེར་དང་ཆུས) དང་ཤང་།(གྲོང་རྡལ)གིས་ཐུན་མོང་ཐོག་དོ་དམ་བྱས་ན།རྫོང(གྲོང་ཁྱེར་དང་ཆུས) ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ནས་ཤང(གྲོང་རྡལ)ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ལ་ཞིབ་བཤེར་གཤམ་སྤྲོད་བརྒྱུད་དོ་དམ་བྱེད་རྒྱུ།

    12.རང་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་དག་ཇི་ལྟར་བྱས་ཏེ་རྩིས་ཞུའམ་ཁ་གསབ་བྱ་དགོས་སམ།

    ལན་དུ།རང་ལྗོངས་ཞིང་འབྲོག་མང་ཚོགས་ཀྱིས་ཤང་།གྲོང་རྡལ།འཕྲོད་བསྟེན་ཁང་དང་གྲོང་ཚོའི་སྨན་བཅོས་ཁང་དུ་སྒོ་བསྟེན་སྨན་བཅོས་བྱས་པའི་འགྲོ་གྲོན་དག་《བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་སྨན་བཅོས་རྩིས་ཐོའི་དེབ》ལ་གཞིགས་ནས་ཁྱིམ་དུད་དེའི་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་གི་རྩིས་ཁོངས་ཐེབས་རྩ་ནས་རྩིས་ཞུ་བྱ་རྒྱུ་དང་།རྫོང་རིམ་པ་ཡན་གྱི་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱས་པའི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་དེ་《བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་སྨན་བཅོས་རྩིས་ཐོའི་དེབ》དང་སྨན་བཅོས་འགྲོ་གྲོན་གྱི་གོ་ཆོད་པའི་སྤ་སེར་བརྟེན་ནས་ཤང་(གྲོང་རྡལ)ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་སུ་བསྐྱོད་དེ་རྩིས་ཞུ་བྱ་དགོས།

    13.ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་རིང་སྒོ་བསྟེན་སྨན་བཅོས་བྱས་པའི་འགྲོ་གྲོན་དག་ཕྱོགས་གང་ནས་རྩིས་ཞུ་བྱ་དགོས་སམ།

    ལན་དུ།སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱ་བཞིན་པའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དག་སློབ་ཞུགས་རིང་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་དེ་སློབ་མ་དེའི་ཁྱིམ་ཚང་རྩིས་ཁོངས་ལས་དེ་རང་གི་ཐེབས་རྩ་ནས་མི་རེར་ལོ་རེར་བརྒྱ་ཆ་50བཏོན་ཏེ་ཞིང་འཕྲོག་ཁུལ་གྱི་་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ཀྱིས་སློབ་གྲྭར་ཞིབ་བཤེར་གཤམ་སྤྲོད་བརྒྱུད་གཅིག་གྱུར་ཐོག་དོ་དམ་བྱེད་རྒྱུ་དང་།སློབ་མའི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་དེ་སློབ་གྲྭས་དོ་དམ་བྱས་པའི་མ་དངུལ་ནས་གཏོང་རྒྱུ།འཕྲོས་ལྷག་བྱུང་ན་ལོ་རྗེས་མར་བསྒྱུར་ནས་བེད་སྤྱོད་གཏོང་རྒྱུའོ།2014ལོར་རང་ལྗོངས་ཀྱི་སློབ་ཆུང་དང་དམའ་རིམ་སློབ་འབྲིང་སློབ་ཕྲུག་གི་ཁྱིམ་ཚང་རྩིས་ཁོངས་ཀྱི་རང་སྒེར་གྱི་ཐེབས་རྩ་ལས་སྒོར་56ནས་76བར་འཐེན་ནས་སློབ་གྲྭར་ཞིབ་བཤེར་གཤམ་སྤྲོད་བརྒྱུད་གཅིག་གྱུར་ཐོག་དོ་དམ་བྱེད་རྒྱུ།

    14.སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཁོངས་ཐེབས་རྩ་ལོ་འདི་གར་འཕྲོས་ལྷག་བྱུང་བ་དང་བེད་སྤྱོད་བྱས་ནས་རྫོགས་པ་ཡིན་ན་ཇི་ལྟར་བྱ་དགོས་སམ།

    ལན་དུ།ཞིང་འབྲོག་མང་ཚོགས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཁུངས་ཐེབས་རྩ་ལོ་འདི་གར་འཕྲོས་ལྷག་ཡོད་ཚེ།ལོ་རྗེས་མར་བསྒྱུར་ནས་མུ་མཐུད་བེད་སྤྱོད་བྱེད་ཆོག་པ་ལས་དངུལ་སྨར་ལེན་མི་ཆོག་ལ།ལོ་རྗེས་མའི་མི་སྒེར་གྱི་ཐེབས་རྩ་གྲབས་གསོག་གི་མ་དངུལ་ཚབས་སུ་སྤྱོད་མི་ཆོགཞིང་འབྲོག་མང་ཚོགས་ཀྱི་སྒོ་བསྟེན་སྨན་བཅོས་ཁྱིམ་ཚང་རྩིས་ཁུངས་ཐེབས་རྩ་བེད་སྤྱོད་བྱས་ནས་རྫོགས་ན་རིམ་ཁག་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱས་པའི་སྒོ་བསྟེན་སྨན་བཅོས་རིན་དངུལ་དེ་མི་སྒེར་ནས་གཏོང་རྒྱུའོ།

    15.གང་འདྲ་ཞིག་ལ་ནད་གཞི་ཆེ་རིགས་ཀྱི་གཅིག་གྱུར་གྲབས་གསོག་ཐེབས་རྩ་ཞེས་བརྗོད་དམ།

    ལན་དུ།ནད་གཞི་ཆེ་རིགས་ཀྱི་གཅིག་གྱུར་གྲབས་གསོག་ཐེབས་རྩ་ནི་ཞིང་འབྲོག་མང་ཚོགས་སྨན་ཁང་དུ་བསྡད་པའི་སྨན་བཅོས་འགྲོ་གྲོན་དང་དམིགས་བསལ་ནད་རིགས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་རྩིས་ཞུའི་ཁ་གསབ་ཏུ་སྤྱོད་རྒྱུའི་ཐེབས་རྩ་ཞིག་ཡིན།དེས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩའི་སྤྱིའི་འབོར་གྲངས་ཀྱི་བརྒྱ་ཆ་60ནས་70བར་ཟིན་ཞིང་།དེ་ཡང་2014ལོར་མཚོན་ན་རང་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་མ་དངུལ་གྲབས་གསོག་ཚད་གཞི་དེ་མི་རེར་ལོ་རེར་ཆ་སྙོམས་སྒོར་400(སྲིད་གཞུང་གི་རོགས་དངུལ་སྒོར་380དང་མི་སྒེར་གྱི་གྲབས་གསོག་སྒོར་20)དེའི་ནང་ནས་ནད་གཞི་ཆེ་རིགས་ཀྱི་གཅིག་གྱུར་གྲབས་གསོག་ཐེབས་རྩ་དེ་མི་རེར་ཆ་སྙོམས་སྒོར་240ནས་280བར་ཡིན་པ་དང་།ད་ཆ་རྫོང་(གྲོང་ཁྱེར་དང་ཆུས)ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ནས་གཅིག་གྱུར་ཐོག་དོ་དམ་བྱ་བཞིན་ཡོད།

    16.ཞིང་འབྲོག་མང་ཚོགས་ཤང(གྲོང་རྡལ)གི་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་ནད་སྡོད་སྨན་བཅོས་བྱས་པའི་འགྲོ་གྲོན་རྩིས་ཞུ་ཇི་ལྟར་བྱས་ནས་ཞུ་ཆོག་གམ།

    ལན་དུ།ཞིང་འབྲོག་མང་ཚོགས་ཤང་དང(གྲོང་རྡལ)དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་ནད་སྡོད་སྨན་བཅོས་བྱས་པའི་འགྲོ་གྲོན་རྩིས་རྒྱག་བྱེད་སྐབས་མི་སྒེར་གྱི་གྲབས་གསོག་མ་དངུལ་སྐྱེལ་མཁན་ལ་བརྒྱ་ཆ་90ནར་གཏོང་བྱེད་རྒྱུ་དང་།མི་སྒེར་གྱི་གྲབས་གསོག་མ་དངུལ་སྐྱེལ་མེད་མཁན་ལ་བརྒྱ་ཆ་70ནར་གཏོང་བྱེད་རྒྱུ་རེད་འདུགདེ་ཡང་དཔེར་ན་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ནད་པ་ཞིག་ཤང་འཕྲོད་བསྟེན་ཁང་དུ་ནད་སྡོད་སྨན་བཅོས་བྱས་པའི་འགྲོ་གྲོན་བསྡོམས་སྒོར་1000ཡིན་ཚེ།གཏན་འབེབས་ལྟར་ཤང་འཕྲོད་བསྟེན་ཁང་གིས་བརྒྱ་ཆ་90སྟེ་དངུལ་སྒོར་900ནར་གཏོང་བྱེད་རྒྱུ་ཡིན་པ་དང་།རང་སྒེར་ནས་བརྒྱ་ཆ་10སྟེ་དངུལ་སྒོར་100ལས་སྤྲོད་མི་དགོས་སོ།གལ་སྲིད་ནད་པ་དེས་མི་སྒེར་གྱི་གྲབས་གསོག་ལ་དངུལ་བསྐྱལ་མེད་ཚེ།གཏན་འབེབས་གཞིར་བཟུང་ཤང་འཕྲོད་བསྟེན་ཁང་ནས་བརྒྱ་ཆ་70སྟེ་དངུལ་སྒོར་700ནར་གཏོང་བྱེད་རྒྱུ་དང་།རང་སྒེར་ནས་བརྒྱ་ཆ་30སྟེ་དངུལ་སྒོར་300སྤྲོད་དགོས།

    (མུ་མཐུད་འགོད་རྒྱུ) 

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།