དབུ་ཤོག>ཞིང་འབྲོག་གསར་པ།
  • རེ་བས་ཁེངས་པའི་འཚོ་བ་གསར་པ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-20

    གནའ་ཉམས་དོད་པའི་བར་སྐོར་ཁྲོམ་གཞུང་ཉེ་འཁོར་གྱི་འོད་ཟེར་ཇ་ཁང་འགྲམ་གྱི་སྲང་ལམ་དུ་སྐྱོད་སྐབས། རིང་པོ་དེ་ཙམ་མེད་པའི་སྐས་འཛེགས་ཤིག་བརྒྱུད་ན་མུན་སེལ་ལོང་བའི་འཕུར་མཉེད་ལྟེ་གནས་སུ་སླེབས་ཀྱི་ཡོད། ཟླ་བ་ཁ་ཤས་གོང་རྒྱ་ཆུང་ལ་ཟང་ཟིང་གི་ཁང་པ་དེ་ད་ཆ་རྦད་དེ་གསར་རྐྱང་དུ་གྱུར་འདུག  

    “འགྱུར་ལྡོག་དེ་དག་ནི་དང་བླངས་པས་ཟླ་བ་གཉིས་ནང་ལེགས་གྲུབ་བྱས་པ་ཞིག་རེད། མི་མང་དག་ཅིག་གིས་ང་ཚོར་རོགས་རམ་དང་ཐུགས་ཁུར་གནང་བྱུང་བས་ང་ཚོས་ཁོང་རྣམས་ལ་ཐུགས་རྗེ་ལེགས་འབུལ་གང་འདྲ་ཞིག་ཞུ་དགོས་མིན་ཤེས་མ་སོང་། ད་ཆ་འཕུར་མཉེད་ལས་ཀ་སྔར་བས་ཡག་པོ་བྱས་ནས་ཁོང་ཚོའི་ཐུགས་ཁུར་ཚོར་སེམས་མཚོན་པ་དང་རང་ཉིད་ཀྱི་ཕུགས་འདུན་འགྲུབ་པ་བྱ་རྒྱུ་ཡིན། རང་ཉིད་ཀྱིས་ཁོང་རྣམས་དང་འདྲ་བར་མི་དེ་བས་ཀྱང་མང་བར་རོགས་རམ་བྱ་འདོད་འདུག་”ཅེས་འཕུར་མཉེད་ལྟེ་གནས་ཀྱི་འགན་འཁུར་བ་སྐྱིད་ལགས་ཀྱིས་སེམས་འགུལ་ཐེབས་བཞིན་དུ་བཤད།

    སྐྱིད་ལགས་ཀྱིས་གསར་འགོད་པར། མུན་སེལ་འཕུར་མཉེད་ལྟེ་གནས་གཉེར་སྐྱོང་བྱ་རྒྱུ་དེ་ཚོང་ལས་ཁོ་ན་ཞིག་མ་ཡིན། རང་ཉིད་ཀྱིས་ལས་སྟེགས་དེ་བརྒྱུད་ནས་དབང་པོ་སྐྱོན་ཅན་དང་ཤེས་སྒྲིབ་པ་དེ་བས་མང་བར་གདེང་ཚོད་ཡོད་པ་དང་ཕུགས་འདུན་འགྲུབ་རོགས་བྱ་རྒྱུ་དེ་ཡིན་ཞེས་བཤད།

    འཕུར་མཉེད་ལྟེ་གནས་སུ་ཞབས་ཞུ་མ་བྱེད་བཞིན་པའི་ཆོས་སྐྱིད་ལ་ཤེས་སྒྲིབ་ཀྱི་ནད་ཕོག་མྱོང་ཡོད། ཁོ་མོས་རང་ཉིད་ཕྱིར་གླ་པར་བསྐྱོད་དེ་ཁྱིམ་གྱི་ཡོང་འབབ་མང་དུ་གཏོང་རྩིས་ཡོད་རུང་གཟུགས་གཞི་ཐང་པོ་མེད་རྐྱེན་ལས་ཀ་རག་ཁག་པོ་བྱུང་ཡོད། འཚོ་བའི་དཀའ་ཚེགས་ཀྱི་མདུན་དུ་ཆོས་སྐྱིད་དེ་བས་བློ་སྦུག་ཇེ་དོག་ཏུ་སོང། སྟབས་ལེགས་པར་་སྐྱིད་ལགས་ཀྱིས་ཆོས་སྐྱིད་རང་ཉིད་ཀྱི་འཕུར་མཉེད་ཁང་དུ་ལས་ཀར་བཅུག“དང་ཐོག་ཆོས་སྐྱིད་ཀྱིས་གང་ཞིག་བྱེད་དགོས་མིན་ཤེས་ཀྱི་མེད། འོན་ཀྱང་ད་ཆ་ཁོ་མོས་བཟོས་པའི་ཀོག་ཧྥེ་ཧ་ཅང་ཞིམ་པས་ཉེ་འཁོར་དུ་སྐད་གྲགས་གང་ཙམ་ཡོད”ཅེས་སྐྱིད་ལགས་ཀྱིས་དགའ་ཚོར་ཆེན་པོས་བཤད།

    “དང་ཐོག་ཆོས་སྐྱིད་ཀྱིས་རང་གིས་བཤད་པའི་སྐད་ཆ་ང་ཚོས་གོ་ཨེ་ཡོང་སྙམ་པའི་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག དོན་དངོས་ཐོག་དེ་འདྲ་གཏན་ནས་མ་ཡིན་པར་ངང་རྒྱུད་རིམ་ཙམ་བྱས་ཚེ་སྐད་བརྡ་འཕྲོད་བདེ་པོ་འདུག”ཅེས་སྐྱིད་ལགས་ཀྱིས་བཤད། ཟླ་བ་གསུམ་རིང་ཆོས་སྐྱིད་ལ་ཡར་རྒྱས་ཆེན་པོ་བྱུང་བར་ཁོང་བློ་ཡིད་ཚིམ་པོ་བྱུང་ཡོད། ཆོས་སྐྱིད་ཉིན་བཞིན་བློ་བག་ཡངས་སུ་འགྲོ་བ་མཐོང་སྐབས་སྐྱིད་ལགས་ཀྱིས“མུན་སེལ”འཕུར་མཉེད་ཁང་དེ་བསྐྲུན་པའི་དོན་སྙིང་ཚོར་ཐུབ་ཡོད།

    “འདི་ག་ནི་འཕུར་མཉེད་ལྟེ་གནས་ཙམ་མ་ཟད་ཀོག་ཧྥེ་ཁང་ཡང་ཡིན་པས་ང་ཚོའི་ཁྱིམ་ཚང་དང་གཉིས་སུ་མ་མཆིས། འདི་གར་ཉིན་ལྟར་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ཡོད། སླད་ཕྱིན་དཀའ་ངལ་གང་འདྲ་ཞིག་འཕྲད་རུང་ང་ཚོས་འཛུམ་གྱིས་བསུས་ཏེ་ཡག་ཐོག་ཡག་བརྩེགས་ཡོང་བ་བྱ་རྒྱུ་ཡིན”ཞེས་སྐྱིད་ལགས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།