དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་སས་ཞིང་འབྲོག་པར་ཁྲིད་སྟོན་རང་བཞིན་གྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-04

    ཞིང་འབྲོག་པར་ཡང་དག་པའི་ལས་རིགས་གདམ་གའི་འདུ་ཤེས་འཛུགས་རོགས་བྱེད་པ་དང་། གྲོང་ཁྱེར་དུ་ལས་ཀ་འཚོལ་བར་བསྐྱོད་རྒྱུའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་དང་། ཁྲིམས་སྲོལ། རྒྱུན་ཤེས་བཅས་ཁོང་དུ་ཆུད་པར་བྱེད་པ། ཞིང་འབྲོག་པའི་ལས་ཞུགས་ལས་གཏོད་ནུས་པ་དང་གནས་སྒྱུར་ལས་ཞུགས་བྱེད་ནུས་ཆེ་རུ་བཅས་གཏོང་ཆེད་འདི་ལོའི་ཟླ་གཉིས་པ་ནས་བཟུང་ལྷ་ས་གྲོང་ཁྱེར་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་དང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལྟེ་གནས། ལྟ་ཞིབ་རུ་ཆེན་བཅས་ཀྱིས་མཉམ་འབྲེལ་ཐོག་ལྷ་ས་གྲོང་ཁྱེར་གྱི་རྫོང་བདུན་དང་ཆུས་གཅིག་ཏུ་ཞིང་འབྲོག་པ་5000ལྷག་ཙམ་ལ་ལས་ཞུགས་ཁྲིད་སྟོན་རང་བཞིན་གྱི་གསོ་སྦྱོང་བྱེད་པར་བསྐྱོད་ཅིང་། མིག་སྔའི་བར་གསོ་སྦྱོང་ལས་འགན་ཚང་མ་ལེགས་པར་བསྒྲུབས་ནས་འདི་ལོའི་ཞིང་འབྲོག་པའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    ད་རེས་ཀྱི་གསོ་སྦྱོང་ནང་དོན་ནི་རྒྱ་ཆེའི་ཞིང་འབྲོག་པར་ལས་ཞུགས་འདུ་ཤེས་བསྒྱུར་རྒྱུའི་ཁྲིད་སྟོན་བྱ་རྒྱུ་དང་། ཁོང་ཚོར་ཕྱིར་ལས་ཀར་བསྐྱོད་པའམ་ཡང་ན་རང་ཚུགས་སུ་ལས་གཏོད་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ། ལས་ཞུགས་སྲིད་ཇུས་དང་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་གྱི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་རྒྱག་རྒྱུ། ཁེ་དབང་སྲུང་སྐྱོང་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་བཅས་རེད། གསོ་སྦྱོང་བྱེད་རིང་འགྲེལ་བཤད་དང་། དྲིལ་བསྒྲགས། བློ་འདྲི། ལན་འདེབས་བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ལས་དོན་ཁག་སྤེལ་བ་དང་གསོ་སྦྱོང་བྱ་ཡུལ་དུ་འཁྲུག་ཆ་ཤིན་ཏུ་དོད་ཅིང་། སྐབས་རེ་ཞིང་འབྲོག་མང་ཚོགས་ཀྱིས་ལས་དོན་མི་སྣར་འབྲེལ་ཡོད་གནད་དོན་རང་འགུལ་ངང་བློ་འདྲི་བྱེད་ཀྱི་ཡོད།

    གསོ་སྦྱོང་མཇུག་འགྲིལ་རྗེས་ལས་དོན་མི་སྣས་གསོ་སྦྱོང་ནང་ཞུགས་པའི་ཞིང་འབྲོག་མང་ཚོགས་ལ་《ཞིང་འབྲོག་པ་གྲོང་ཁྱེར་དུ་ལས་ཀ་འཚོལ་བར་སྐྱོད་སྐབས་ཀྱི་ཕྱོགས་སྟོན》དང་།《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》 《ལས་ཞུགས་སྲིད་ཇུས་ཁྲིམས་སྲོལ་ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན》ལ་སོགས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྤྲད་པ་མ་ཟད། ད་དུང་གཞི་རིམ་གྱི་ཞིང་འབྲོག་པའི་ལས་ཞུགས་གསོ་སྦྱོང་བསམ་འདུན་དང་དགོས་མཁོ་དུས་ཐོག་ཏུ་ཤེས་པར་བྱ་ཆེད་གསོ་སྦྱོང་བྱ་ཡུལ་དངོས་སུ《ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་གསོ་སྦྱོང་བློ་འདོད་བརྟག་ཞིབ་རེའུ་མིག》ཀྱང་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།