དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱིས་ལོ་ཙཱའི་ལས་སྒོའི་གསོ་སྦྱོང་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

     རྒྱ་བོད་ཡིག་སྒྱུར་གྱི་ལག་ལེན་སྔར་བས་ཚད་ལྡན་དུ་བཏང་ནས་བོད་ཡིག་སྨྱན་སྦྱོར་དང་གསར་འགྱུར་རྩོམ་སྒྱུར་ལས་ལ་གཞོལ་མཁན་རྣམས་ཀྱི་ལོ་ཙཱའི་ལས་དོན་ལ་ཡར་སྐུལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སྐད་ཆའི་གཞི་རྩ་བརྟན་པོ་འཛུགས་ཆེད། ཚེས་10དང་11ཉིན་གྱི་ཕྱི་དྲོར། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལོ་ཙཱའི་བར་རྒྱ་བོད་ཡིག་སྒྱུར་སྐོར་གྱི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    གདན་ཞུས་ལྟར། ཚེས་10ཉིན་གྱི་ཕྱི་དྲོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་བརྡ་སྤྲོད་རིག་པའི་མཁས་པ་དུད་བླ་བུ་ཆུང་གིས《བརྡ་སྤྲོད་རྩ་འཛིན་ལས་འཕྲོས་ཏེ་བོད་སྐད་མིང་གི་ལག་ལེན་གྱི་གནད་འགའ་ཕྱོགས་ཙམ་བསྟན་པ》ཞེས་པ་བརྗོད་གཞིར་བྱས་ནས་མིང་གི་རྣམ་གཞག་དང་འབྲེལ་བའི་ཤེས་བྱ་སྣ་ཚོགས་པ་དག་ལ་ཅིས་ཀྱང་བློ་གྲོས་ཀྱི་འཇུག་པ་ཡངས་དགོས་ལ། བོད་སྐད་ཀྱི་སྦྱོར་བ་ལེགས་པོར་ཤེས་པ་ལ། མིང་དང་ཚིག་ཕྲད་གཉིས་གལ་ཤིན་ཏུ་ཆེ་ཞེས་གསུངས་ནས་བོད་སྐད་མིང་གི་ལག་ལེན་གྱི་གནད་དོན་འགའ་ཞིག་རྒྱ་བོད་ལོ་ཙཱའི་གནས་སྐབས་དང་འབྲེལ་ནས་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་སློབ་འཁྲིད་གནང་བས་ཉན་མཁན་ཀུན་ལ་བློ་སྐྱེད་ཆེན་པོ་བྱུང་བ་རེད།

    ཚེས་11ཉིན་གྱི་ཕྱི་དྲོར། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཤིང་ཏ་ལའི་ལོ་མའི་ཕྱག་དཔེ་ཞིབ་འཇུག་ཚན་ཁག་གི་ཞིབ་འཇུག་པ་དང་འབུམ་རམས་པ་རྨེ་རུ་ཚེ་རིང་དོན་གྲུབ་ཀྱིས《ཐང་སན་ལམ་ཡིག་གསར་བསྒྱུར་དང་ཞིབ་འཇུག》 ཉམས་མྱོང་དང་ཟུང་འབྲེལ་གྱིས་རིག་གནས་ལོ་ཙཱའི་དཀའ་གནད་དང་། མིང་བརྡ་གསར་པ་གཅིག་གྱུར། ལོ་ཙཱའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ་བཅས་དམིགས་སུ་བཟུང་སྟེ་ལུང་རིགས་དཔེ་གསུམ་དང་སྦྲགས་ནས་འཆད་ཁྲིད་གནང་བ་རེད། དེ་རྗེས་བོད་ཡིག་སྨྱན་སྦྱོར་གསར་པའི་འགན་འཁུར་བ་ཟླ་བ་ཚེ་རིང་དང་རྩོམ་སྒྱུར་ཚན་ཁག་གི་ཞུས་ཆེན་ལོ་ཙཱ་བ་པ་སངས་ཚེ་རིང་སོགས་ཀྱིས་ལོ་ཙཱའི་སྐོར་གྱི་དྲི་བ་བཏོན་ནས་བགྲོ་གླེང་འཁྲུག་པོ་བྱས་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཉིན་གཉིས་རིང་གི་འཆད་ཁྲིད་ནང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་རྩོམ་སྒྲིག་པ་དང་། ཡིག་སྒྱུར་བ། སྙན་སྒྲོན་པ་སོགས་ལས་དོན་པ་མི་ཐེངས་120ལྷག་ཙམ་ཞུགས་ཡོད་ཅིང་། དེར་འདུས་ཚང་མས། འཆད་ཁྲིད་ཀྱི་ནང་དོན་དེ་མིང་བརྡ་གསར་པའི་སྒྱུར་ལུགས་དང་བོད་སྐད་སྒྱུར་མིང་གི་གྲུབ་ལུགས་སོགས་ལས་ཀ་དངོས་དང་ཉེ་བར་འབྲེལ་བ་མ་ཟད་རྒྱ་བོད་ཡིག་སྒྱུར་ཐད་ཀྱི་དཀའ་གནད་སེལ་བར་མཛུབ་ཁྲིད་ཀྱི་དོན་སྙིང་དང་བློ་སྒོ་འབྱེད་པའི་ནུས་པ་ཆེན་པོ་ལྡན་པའི་ངོས་འཛིན་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།