དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཟ་ཁང་གི་ཟ་རིགས་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་གཏན་འགོག་བྱེད་ཐབས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11

    སློབ་མའི་འགན་ལེན་གསུམ་གྱི་གྲོན་དངུལ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱུན་གཏན་གྱི་བཟའ་བཏུང་འགན་ལེན་གྱི་དམངས་འཚོའི་ཆེད་སྤྱོད་གྲོན་དངུལ་ཞིག་ཡིན་པས་དེ་ནི་ལས་སླ་པོར་བྱུང་བ་ཞིག་མིན། དངུལ་སྐར་མ་རེ་རེ་སློབ་མའི་བཟའ་བཏུང་གི་སྤུས་ཚད་དང་འཚོ་བཅུད་དོ་སྙོམས་ཀྱི་བདེ་རྩར་ཐུག་ཡོད་ལ། ཁྱིམ་ཚང་ཁྲི་སྟོང་མང་པོ་དང་སྤྱི་ཚོགས་ཡོངས་ཀྱིས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བཏོན་པའི་རེ་བའང་རེད། སློབ་གྲྭས་བཟའ་བཏུང་འགན་ལེན་ལམ་ལུགས་ཁྱབ་གདལ་གཏོང་བའི་ཐོག་མའི་དམིགས་ཡུལ་ནི་སློབ་མ་ཚང་མར་ཟས་འདང་ངེས་དང་། འཚོ་བཅུད་འདང་ངེས། བདེ་ཐང་ངང་འཚར་ལོངས་ཡོང་ཆེད་རེད། འོན་ཀྱང་མིག་སྔར་སློབ་གྲྭའི་ཟ་ཁང་གི་བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་སྔར་བཞིན་ཐོན་དང་འཐོན་བཞིན་ཡོད་པས་ཆེད་སྤྱོད་གྲོན་དངུལ་དོན་མེད་ཟད་འགྲོ་བས། དེ་ནི་གྲོན་ཆུང་གི་སྲོལ་རྒྱུན་སྤྱོད་བཟང་དང་སློབ་གྲྭའི་ཀུན་སྤྱོད་འཛུགས་སྐྱོང་གིི་ཐོག་མའི་བསམ་འདུན་དང་འགལ་བ་ཞིག་རེད། སློབ་གྲྭའི་སྤྱི་གཉེར་ཁྲུའིི་ཟ་ཁང་དོ་དམ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་འཐབ་ཕྱོགས་དང་པོའི་དོ་དམ་ལག་ལེན་ལ་གཞི་ཚུགས་ཏེ་བཟའ་བཏུང་འཕྲོ་བརླག་གཏོང་བའི་འབྱུང་རྩ་སྔོག་འདོན་གཏིང་ཟབ་དང་། སློབ་མའི་བཟའ་བཏུང་གི་དགའ་ཕྱོགས་དང་། ཚལ་ཐོ་བཀོད་སྒྲིག བཟའ་བཏུང་ལ་དོ་དམ་བཅས་ཀྱི་སྒྲིག་གཞི་ཧྲིལ་པོའི་གནད་དོན་ལ་དམིགས་ཏེ་གནད་ལ་འཁེལ་བའི་ཐབས་ཇུས་ལག་ལེན་བསྟར་ནས་ཟ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་གཏན་འགོག་དང་། དམངས་འཚོའི་གྲོན་དངུལ་ཚུལ་ལྡན་ངང་སྤྱོད་པའི་རྨང་གཞིའི་ཐོག་སློབ་མའི་འཚར་ལོངས་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱེད་དགོས།

    དང་པོ། སློབ་མས་བཟའ་བཏུང་འཕྲོ་བརླག་གཏོང་བའི་འབྱུང་རྐྱེན།

    སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཟ་ཁང་གི་བཟའ་བཏུང་འཕྲོ་བརླག་གཏོང་བའི་འབྱུང་རྩ་ནི་སློབ་མའི་བཟའ་བཏུང་གི་གོམས་གཤིས་དང་། དོ་དམ་མི་འདང་བ། ཚལ་ཐོ་བཀོད་སྒྲིག་ལུགས་མཐུན་མིན་པ། སློབ་གསོ་ཁྲིད་སྟོན་མི་འདང་བ་སོགས་གནད་དོན་སྣ་ཚོགས་དབང་གིས་ཡིན་པས། གཙོ་བོ་གནད་དོན་ཁག་གསུམ་གྱི་ཐོག་ནས་མངོན་བཞིན་ཡོད་དེ། གཅིག་ནས་སློབ་མ་སོ་སོའི་དགའ་ཕྱོགས་མི་འདྲ་བས་ཁ་ལག་ལེན་སྐབས་དགའ་སྒྲུག་བརྒྱབ་པས་བཟའ་བཏུང་འཕྲོ་བརླག་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། གཉིས་ནས་མིག་སྔར་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པ་དང་བྲོ་བའི་དགའ་ཕྱོགས་ལ་འགྱུར་ལྡོག་ཕྱིན་ནས་ཁ་ཚ་ཞིང་བྲོ་བ་ཆེ་བའི་རིགས་ལ་དགའ་པོ་བྱེད་པ་དང་། ཞགས་ཚིལ་ཉུང་བའི་སྔོ་ཚལ་སོགས་ཀྱི་རིགས་ལ་དགའ་པོ་དེ་ཙམ་བྱེད་ཀྱི་མེད། ཁ་ལག་ལེན་སྐབས་རང་ཉིད་ཞིམ་པ་དེ་ལེན་པ་ལས་མི་དགའ་བའི་རིགས་གཅིག་ཀྱང་ལེན་གྱི་མེད། མང་ཉུང་འོས་འཚམ་ཡིན་ནའང་ཟས་རིགས་གདམ་ག་བྱེད་པའི་གནད་དོན་དེས་ཟས་ལྷག་མ་མང་པོ་ཞིག་ལྷག་གི་ཡོད། གསུམ་ནས་སློབ་མ་ཁག་གཅིག་ལ་གྲོན་ཆུང་བསྲི་ཚགས་ཀྱི་འདུ་ཤེས་མེད་པ་མ་ཟད་བཟའ་བཏུང་གི་གོམས་གཤིས་བཟང་པོ་འཇགས་མེད་ཅིང་། ལྷག་པར་དུ“འཕྲོ་བརླག་མ་བཏང་ན་གྱོང་གུན་ཡིན་པའི”ནོར་འཁྲུལ་གྱི་བསམ་བློ་འཁྱེར་ནས། འབྲུ་རིགས་ལ་གཅེས་སྤྲས་མི་བྱེད་པ་དང་ངལ་རྩོལ་གྱི་གྲུབ་འབྲས་ལ་བརྩི་འཇོག་མི་བྱེད་པ། བསམ་བློ་དང་བྱེད་སྤྱོད་གཉིས་ཀྱི་ཐོག་ནས་འཕྲོ་བརླག་གཏོང་བའི་སྤྱོད་ངན་རྒྱ་ཡན་དུ་ཕྱིན་པ་བཅས་རེད།

    གཉིས་པ། སློབ་མར་དོ་དམ་བྱེད་ཤུགས་མི་འདང་བ།

    ཟ་ཁང་གི་དོ་དམ་བཀོལ་སྤྱོད་སྒྲིག་གཞི་ལ་ཞན་ཆ་ཡོད་པ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་མེད་པ། སློབ་གྲྭ་ཁག་གཅིག་གི་ཟ་ཁང་དུ་སྔར་བཞིན་སྲོལ་རྒྱུན་གྱི་གཅིག་གྱུར་ཁ་ལག་བཟོ་བ་དང་གྲངས་ཚད་གཏན་འཁེལ་གྱི་མཁོ་སྤྲོད་བྱེད་སྟངས་སྤྱད་དེ་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་རིམ་པ་མི་འདྲ་བ། སློབ་མ་བུ་དང་བུ་མོའི་ཟ་ཚོད་ཀྱི་ཁྱད་པར་ལ་བསམ་གཞིག་གཏན་ནས་མི་བཏང་བ་དང་། ལོ་རིམ་དམའ་བའི་སློབ་མ(བུ་མོ)ཡི་ཟ་ཚོད་ཉུང་བ་དང་འཇུ་ཚད་ཞན་པས་སློབ་གྲྭའི་གཅིག་གྱུར་ཁ་ལག་བཟས་ཚར་གྱི་མེད་པ་དང་། ལོ་རིམ་མཐོ་བའི་སློབ་མ(བུ་མོ)ཡི་ཟ་ཚོད་ཅུང་ཆེ་ཡང་སྟབས་བསྟུན་ཁ་སྣོན་བྱེད་ཐུབ་ཀྱི་མེད་པས་ཕྱོགས་གཉིས་ཀར་གྱི་ཟས་རིགས་འཕྲོ་བརླག་འགྲོ་གི་ཡོད། དེ་དང་ཆབས་ཅིག ཁ་ལག་ཟ་བའི་དུས་ཚོད་ལ་སློབ་གྲྭས་དུས་ཐོག་ཏུ་ལྟ་སྐུལ་དང་ཁྲིད་སྟོན་མི་འདང་བ་དང་། སློབ་མས་ཟས་རིགས་གང་བྱུང་དུ་བྱོ་བ་སོགས་ཀྱི་བྱེད་སྤྱོད་ལ་བཀག་འགོག་དང་ཡོ་བསྲང་དུས་ཐོག་བྱེད་ཐུབ་མེད་པ་དང་། ཟ་ཁང་དུ་ཁ་ལག་གྲ་སྒྲིག་ཡག་པོ་མ་བྱུང་བས་ཁ་ལག་མང་དྲགས་པ་དང་བྲོ་བ་ཞན་པ་སོགས་ཀྱི་གནད་དོན་ཐོན་སླ་བས་སློབ་མས་ཁ་ལག་མི་ཟ་བ་དང་འཕྲོ་བརླག་གཏོང་བའི་སྣང་ཚུལ་དེ་བས་ཆེ་རུ་འགྲོ་གི་ཡོད།

    གསུམ་པ། སློབ་མའི་ཟས་ཀྱི་ཁམས་དང་མོས་པར་བསྟུན་རྒྱུ་མི་འདང་བ།

    ཚལ་ཐོ་དུས་ཐོག་ཏུ་གསར་བརྗེས་དང་ཟས་རིགས་སྦྱོར་སྡེབ་ལུགས་མཐུན་མེད་པས་སློབ་མའི་ཁམས་དང་མོས་པོར་བསྟུན་ཐུབ་མེད། འཕྲོ་བརླག་གཏོང་བའི་གནད་དོན་མང་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཟ་ཁང་གི་ཚལ་ཐོ་ཡུན་རིང་གཏན་འཇགས་ཡིན་པ་དང་། ཚལ་སྣ་ཕུན་སུམ་ཚོགས་པོ་མེད་པ། བྲོ་བ་རྐྱང་པ་བཅས་ཡིན་པས་སློབ་མའི་དགའ་མོས་དང་དུས་ཚིགས་ཀྱི་ཟས་རིགས་རྒྱུ་ཆའི་འགྱུར་ལྡོག འཚོ་བཅུད་བཟའ་བཅའི་ཚད་གཞི་བཅས་དང་ཟུང་འབྲེལ་ལེགས་སྒྲིག་བྱས་མེད་པའི་རྐྱེན་གྱིས་ཡིན། སློབ་གྲྭ་ཁག་གཅིག་གི་ཚལ་ཐོ་ཟླ་བ་ཁ་ཤས་འགྱུར་བ་མེད་པ་དང་། གཡོས་སྦྱོར་བྱེད་སྟངས་སྣ་གཅིག་ཡིན་པ། ཞག་ཚི་ཉུང་བའི་ཚལ་གྱི་ཁ་དོག་དང་བྲོ་བ་ཞན་པ། བྲོ་བ་ཆེ་བའི་ཚལ་ལ་ཚོད་འཛིན་ཡག་པོ་བྱེད་མི་ཐུབ་པ། ཟ་ཁང་གིས་སློབ་མ་དང་། དགེ་རྒན། ཁྱིམ་བདག་བཅས་ཀྱི་བསམ་འཆར་བསྡུ་ལེན་མ་བྱས་པས། བཟའ་བཅའི་མཁོ་སྤྲོད་དང་དགོས་མཁོ་མི་སྙོམས་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད། བཟའ་བཅའི་འཚོ་བཅུད་འདང་ནའང་སློབ་མས་སློབ་གྲྭའི་ཟས་རིགས་བཟའ་བའི་བསམ་བློ་སྐུལ་སློང་མི་འདང་བར་བརྟེན་མཐར་བཟའ་བཏུང་མང་པོ་ཞིག་ལྷག་མར་ལུས་ནས་གྲོན་དངུལ་དང་བཟའ་བཅའི་རྒྱུ་ཆ་གཉིས་ཀ་འཕྲོ་བརླག་འགྲོ་བའི་སྣང་ཚུལ་ཐོན་གྱི་ཡོད།

    དེས་ན། སློབ་གྲྭའི་ཟ་ཁང་གི་བཟའ་བཏུང་འཕྲོ་བརླག་གཏོང་རྒྱུ་གཏན་འགོག་དང་སློབ་མའི་འགན་ལེན་གསུམ་གྱི་གྲོན་དངུལ་ལ་དོ་དམ་ཡག་པོ་བྱེད་པར་ངེས་པར་དུ་རྒྱུ་རྐྱེན་ཤེས་རྟོགས་བྱས་ཏེ་མི་འདང་བའི་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་ཚལ་ཐོ་ལེགས་སུ་གཏོང་བ་དང་། དོ་དམ་ནན་པོ་བྱེད་པ། གོམས་གཤིས་ཡག་པོ་ཆགས་པ། སློབ་གསོ་ཁྲིད་སྟོན་བཅས་ཀྱི་འབྲེལ་ཐག་ཧྲིལ་པོར་ཤུགས་སྣོན་བརྒྱབ་ནས་ཞིབ་ཚགས་ཅན་དང་ནུས་ལྡན་གྱིི་དོ་དམ་ཚོད་འཛིན་མ་ལག་བཙུགས་ཏེ་འབྱུང་རྩ་ནས་འཕྲོ་བརླག་བྱེད་སྤྱོད་གཏན་འགོག་བྱེད་དགོས།

    (བོད་ལྗོངས་སྣ་དཀར་རྩེ་སློབ་འབྲིང་གི་ཉི་མ་ཕུན་ཚོགས)

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།