དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་སྦྱོང་ཞན་པའི་སློབ་མ་གསོ་སྐྱོང་བྱ་ཐབས་སྐོར་ལ་མདོ་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-28

    སློབ་གསོའི་རེ་འདུན་ནམ་བསམ་འདུན་ངོ་མ་ནི་སློབ་མ་ཕུལ་བྱུང་ཅན་ལ་གཅེས་པ་དང་སྦྱངས་འབྲས་ལེགས་པར་གཙེགས་ཆེན་བྱེད་པ་ཁོ་ན་མིན་པར་བརྩེ་སེམས་དང་ངང་རྒྱུད་རིང་པོར་བརྟེན་ནས་སློབ་མ་མི་རེ་ངོ་རེ་འཚར་ལོངས་ཡག་པོ་ཡོང་བ་བྱ་རྒྱུ་དེ་རེད། དགེ་རྒན་ཞིག་གི་ངོས་ནས་སློབ་སྦྱོང་ཞན་པའི་སློབ་མ་དང་དམིགས་བསལ་སློབ་མར་དོ་ཁུར་བྱས་ནས་ཁོང་ཚོའི་འཚར་ལོངས་ཁྲོད་ཀྱི་ཞན་ཆ་དང་བསམ་པའི་དཀའ་ངལ་བསལ་ན་ད་གཟོད་སྤྱོད་བཟང་དང་མི་གཤིས་གསོ་སྐྱོང་བྱེད་པའི་སློབ་གསོའི་རྩ་བ་བརྟན་པོ་སྲུང་ཐུབ།

    དང་པོ། ཕུལ་བྱུང་སློབ་མ་རྣམས་རང་འགུལ་ངང་འཚར་ལོངས་འབྱུང་བའི་ནུས་པ་ལྡན་པས་དགེ་རྒན་གྱིས་དམིགས་བསལ་དོ་སྣང་ཆེན་པོ་བྱེད་མི་དགོས།

    རྒྱུན་གཏན་གྱི་སློབ་ཁྲིད་ཁྲོད་དུ་དགེ་རྒན་མང་པོ་ཞིག་གིས་ཕྱོགས་གང་ཐད་ནས་གྲུབ་འབྲས་ལེགས་པའི་སློབ་མ་ཚོར་ནུས་ཤུགས་གང་མང་འདོན་པའི་གོམས་གཤིས་ཆགས་ཡོད་པ་རེད། འོན་ཀྱང་དོན་དངོས་སུ་ཕུལ་བྱུང་སློབ་མ་དེ་དག་ལ་རང་གིས་རང་གཅུན་པའི་ནུས་པ་ལྡན་ལ་སློབ་སྦྱོང་གི་གོམས་གཤིས་བཟང་པོ་དང་། སློབ་སྦྱོང་གི་དམིགས་ཡུལ་གསལ་པོ་ཡོད་པ་རེད། དགེ་རྒན་གྱིས་དོ་ཁུར་ཉུང་ཙམ་ལས་མ་བྱས་ཀྱང་ཁོང་ཚོས་རང་ཉིད་ཀྱི་དཀའ་ངལ་སེལ་ཐུབ་པ་དང་སྦྱངས་འབྲས་རིམ་བཞིན་ཡར་རྒྱས་གཏོང་ཐུབ་པ་ཡིན།

    དུས་ཡུན་རིང་པོར་ཕུལ་བྱུང་སློབ་མ་ཁོ་ནར་དོ་སྣང་ཆེན་པོ་བྱས་ན་ང་རྒྱལ་སྐྱེ་སྲིད་པ་དང་ཁེངས་དྲེགས་ཀྱི་བསམ་བློ་འཕེལ་ནས་ཁེངས་སྐྱོང་བརྩོན་འགྲུས་ཅན་གྱི་ཡོན་ཏན་སྐྱེད་སྲིང་བྱེད་པར་གནོད་པ་ཆེ། དེར་བརྟེན་ཕུལ་བྱུང་སློབ་མ་དག་ལ་དགོས་ངེས་སྐབས་སུ་ལམ་སྟོན་མདོ་ཙམ་བྱས་ན་འགྲིག ཡིན་ནའང་ང་ཚོ་སྣང་མེད་དུ་འཇོག་པར་མི་འདོད།

    གཉིས་པ། སློབ་སྦྱོང་ཞན་པའི་སློབ་མར་རོགས་རམ་བྱས་ཏེ་སློབ་སྦྱོང་ཐད་ཀྱི་ཞན་ཆ་བསལ་བ།

    སློབ་སྦྱོང་གི་སྦྱངས་འབྲས་ཞན་པའི་སློབ་མ་ཚོ་ནི་དགེ་རྒན་གྱིས་ངང་རྒྱུད་རིང་པོས་སློབ་སྟོན་བྱེད་དགོས་པ་ནི་གལ་ཆེན་ཡིན། སློབ་མ་དེ་དག་རྨང་གཞི་བརྟན་པོ་མེད་པ་དང་སློབ་སྦྱོང་གི་ཐབས་ཤེས་ཡག་པོ་ཤེས་ཀྱི་མེད་པ་རེད། ཐེངས་མང་པོར་རྒྱུགས་འབྲས་ཡིད་ཚིམ་པ་ཞིག་ལེན་མ་ཐུབ་པས་ཡིད་ཆེས་ཉམས་ནས་རིམ་བཞིན་སློབ་སྦྱོང་ལ་སུན་སྣང་སྐྱེ་བ་དང་ཐ་ན་རེ་བ་ཆད་འགྲོ་གི་ཡོད།

    གལ་སྲིད་དགེ་རྒན་གྱིས་ཁོ་ཚོའི་སེམས་བསྐྱེད་པར་སློབ་སྟོན་མ་བྱས་ན་ཁོ་ཚོས་སློབ་སྦྱོང་དོར་ནས་འཛིན་གྲྭའི་སློབ་གྲོགས་གཞན་དང་ཁྱད་པར་ཇེ་ཆེར་འགྲོ་བ་ཡིན། དགེ་རྒན་གྱིས་སློབ་གསེང་དུས་ཚོད་བེད་སྤྱད་དེ་སློབ་མ་ཚོའི་སློབ་སྦྱོང་སོགས་ཀྱི་ཐད་ཟུར་འཁྲིད་བྱེད་པ་དང་སློབ་སྦྱོང་གི་ལས་འགན་ཇེ་སླ་རུ་བཏང་སྟེ། སྐུལ་མ་ཡང་ཡང་བྱེད་དགོས། དེ་ལྟར་བྱས་ཚེ་སློབ་མ་ཚོའི་སློབ་སྦྱོང་གི་སྤོབས་པ་བསྐྱར་གསོ་བྱེད་པ་དང་སློབ་སྦྱོང་གི་སྟོང་ཆ་སྐོང་བར་ཕན་ཐོགས་ཆེན་པོ་འབྱུང་ངོ་།།

    གསུམ་པ། སེམས་ཁམས་ལ་གནད་དོན་ཡོད་པའི་སློབ་མར་ཐུགས་ཁུར་བྱས་ཏེ་སློབ་མའི་བདེ་ཐང་སྲུང་སྐྱོབ་བྱ་དགོས།

    སེམས་ཁམས་ལ་གནད་དོན་ཡོད་པའི་སློབ་མར་ཐུགས་ཁུར་བྱེད་པ་ནི་དགེ་རྒན་གྱི་འགན་འཁྲི་གཡོལ་ཐབས་མེད་པ་ཞིག་ཡིན། སློབ་མ་ཁ་ཤས་རང་བཞིན་གྱིས་ཚོར་བ་སྐྱེན་པོ་དང་བློ་སྟོབས་ཞན་པ། དུས་ཡུན་རིང་བོར་སེམས་ཁྲལ་ཆེན་པོ་ཡོད་པས་ལ་ལ་ནི་སྤྱོད་པ་རྩུབ་པོ་དང་ཁེར་འགྲོ་ཁེར་འདུག་ཡིན་རྐྱེན་ཕ་མ་མང་ཆེ་བའི་སློབ་མའི་ནང་སེམས་ཀྱི་གནོན་ཤུགས་མཐོང་དཀའ་བ་རེད།

    སེམས་ཁམས་ལ་གནད་དོན་ཡོད་པའི་སློབ་མ་དེ་ཚོ་རྒྱུན་དུ་སེམས་ཁམས་ལ་སྡུག་བསྔལ་གྱིས་མནར་ནས་གནས་ཚུལ་ཚབས་ཆེན་འོག་བསམ་བློར་འགྱུར་བ་ངན་པ་འབྱུང་སྲིད་པ་ཡིན། དེའི་ཕྱིར་དགེ་རྒན་གྱིས་ཐད་ཀར་རང་འགུལ་གྱིས་ཁ་བརྡ་བྱས་ཏེ། སློབ་མའི་བསམ་ཚུལ་ངན་པར་གུ་ཡངས་བྱེད་པ་དང་དུས་མཚུངས་སུ་སེམས་ཁམས་སློབ་གསོ་རྒྱག་དགོས་པ་དང་། དེ་དག་གི་ཀུན་སྤྱོད་ལེགས་བཅོས་དང་སེམས་ཁམས་ཀྱི་གནད་དོན་སེལ་བའི་བྱ་བ་འདི་ནི་སྐར་གྲངས་ལས་གལ་ཆེ་བ་དེ་ཉིད་ཡིན།

    བཞི་པ། སློབ་གསོའི་ལྟ་བ་ཡང་དག་རྒྱུན་འཁྱོངས་བྱས་ཏེ་སློབ་མ་ཡོངས་ལ་ཁ་ཕྱོགས་དགོས།

    གལ་ཏེ་དགེ་རྒན་གྱིས་ཕུལ་བྱུང་སློབ་མ་ཁོ་ན་མ་གཏོགས་གཞན་དག་ལ་དོ་སྣང་མ་བྱས་པ་ཡིན་ན། འཛིན་གྲྭ་གཅིག་གི་ནང་ཁུལ་དུའང་ཁྱད་པར་ཆེན་པོ་ཤོར་ངེས་ཤིང་སློབ་སྦྱོང་ཞན་པ་རྣམས་རིམ་གྱིས་འཛིན་གྲྭའི་ནང་ནས་དེ་བས་རྗེས་ལུས་ཐེབས་སྲིད་པས་སློབ་གསོའི་འདྲ་མཉམ་རང་བཞིན་དང་འགལ་བ་རེད། སློབ་གསོ་ནི་ལེགས་འདེམས་བྱེད་པ་མ་ཡིན་པར་ཕུལ་བྱུང་སློབ་མ་གཅིག་པུ་གཙིགས་སུ་འཛིན་མི་རུང་སྟེ། སློབ་མ་མི་རེ་ངོ་རེར་རང་རང་གི་ཁྱད་ཆོས་དང་མཚུངས་པའི་འཕེལ་རྒྱས་གཏོང་དགོས།

    ལྔ་པ། སློབ་མ་རེར་ཁྱད་ཆོས་རེ་ལྡན་པས་དགེ་རྒན་གྱིས་སློབ་མའི་ཁྱད་ཆོས་དེ་སློབ་མར་རང་ཉིད་ལ་ཡིད་ཆེས་སླེབས་སར་གྱུར་ཐུབ་པ་བྱེད་དགོས།

    དེ་སྔོན་གུས་མོའི་འཛིན་གྲྭའི་ནང་གི་སློབ་སྦྱོང་ཞན་པའི་སློབ་མ་མང་པོ་ཞིག་ལ་རྟག་ཏུ་དགེ་རྒན་གྱི་བཀའ་སྐྱོན་ཕོག་པ་དང་ཐ་ན་སྐབས་སྐབས་སུ་ཁྱིམ་བདག་སློབ་གྲྭར་ཡོང་དགོས་པས། རིམ་གྱིས་སློབ་མ་དེ་དག་གིས་དགེ་རྒན་ལ་སུན་སྣང་བྱེད་ཀྱི་ཡོད། གནད་དོན་དེ་ཤེས་རྗེས། གུས་མོས་སློབ་མ་དེ་དག་ལ་ཁྱད་ཆོས་གང་དག་ཡོད་པར་བསམ་བློ་བཏང་བས། ཁོ་ཚོ་མང་ཆེ་བ་ལུས་རྩལ་ལ་ཧ་ཅང་དགའ་པོ་ཡོད། དེ་ནས་ཁོ་ཚོའི་ཁྱད་ཆོས་དེ་གཙོར་འཛིན་གྱིས་རྟག་ཏུ་ཁོ་ཚོར་སྐུལ་མ་བྱེད་པ་དང་སྐབས་སྐབས་སུ་བྱ་དགའ་སྤྲད་པ་སོགས་བྱས་པ་ཡིན། རྒྱུན་གཏན་གྱི་ལུས་རྩལ་འགྲན་ཚོགས་སྐབས་ཁོ་ཚོས་འཛིན་གྲྭ་སྤྱི་པའི་ཆེད་དུ་འབད་བརྩོན་ལྷོད་མེད་ཀྱིས་བྱ་དགའ་མང་པོ་བརྩོན་ལེན་བྱེད་པ་མ་ཟད། ད་དུང་དུས་རྒྱུན་དུ་ནས་སྤྱི་སེམས་ཆེན་པོ་ཡོད། ད་ཆ་ཁོ་ཚོ་མང་ཆེ་བ་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་ལ་གྱུར་ནས་ཕུལ་བྱུང་སློབ་མ་སྐྱོང་བཞིན་ཡོད།

    མདོར་ན། དགེ་རྒན་གྱིས་སློབ་གསོའི་འདུ་ཤེས་ཡང་དག་པར་བཟུང་ནས་ངང་རྒྱུད་རིང་བ་དང་བྱམས་བརྩེས་སློབ་སྦྱོང་ཞན་པའི་སློབ་མ་དང་སེམས་ཁམས་ལ་གནད་དོན་ཡོད་པའི་སློབ་མ་སྐྱོང་་དགོས། བརྩེ་སེམས་ཟབ་མོ་བཅངས་ནས་ཁོ་ཚོའི་སེམས་ཁམས་གསོ་བ་དང་ཁྱད་ཆོས་སྔོག་འདོན་བྱས་ཏེ་སློབ་གསོའི་བསམ་འདུན་རྣམ་དག་སྲུང་དགོས།

    (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སློབ་ཆུང་གི་པ་སངས་ཆོས་འཛོམས)


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།