རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་ས་མཐོའི་སྨན་རྫས་ཀྱི་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།
ཉེ་ཆར། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ས་མཐོའི་དམིགས་བསལ་སྨན་སྤྱོད་ཁོར་ཡུག་ལ་གཞི་ཚུགས་ནས“སྨན་རྫས་གཉིས་དང་ཡོ་བྱད་གཅིག”གི་འཁོར་འབྲེལ་ཧྲིལ་པོར་ལྟ་འདོམས་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་ཏན་ཏིག་བྱས་ཏེ། སྨན་རྫས་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་ཚགས་དམ་དུ་རྒྱུན་མཐུད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།
ལྟ་སྐུལ་ཞིབ་བཤེར་ཁྲོད་ནས་ཤེས་རྟོགས་བྱུང་བའི་གནད་དོན་སྣ་ཚོགས་ལ་དམིགས་ནས། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་ཁོངས་གཏོགས་ཀྱི་ལྟ་འདོམས་འགན་འཁྲི་མུ་མཐུད་ནན་དུ་བཏང་སྟེ། “འབྱུང་རྩ་ནས་ཚོད་འཛིན་དང་། བརྒྱུད་རིམ་ཁུངས་འདེད། ཉེན་ཁ་སྔོན་འགོག གནད་དོན་བཅོས་སྐྱོང་བཅས་ཐུབ་པའི”ཕྱོགས་ཀུན་གྱི་ལྟ་འདོམས་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། སྨན་རྫས་ཀྱི་ཉེན་ཁ་འགོག་པའི་རིམ་གསུམ་གྲོས་མོལ་ལམ་སྲོལ་ལ་བརྟེན་ནས“འཚོལ་བསྡུ་དང་། བརྡར་གཅོད། ཐག་གཅོད། ཚུར་ལན། དག་ཐེར། ཐོ་བསུབ”བཅས་ཀྱི་གདུབ་ཟུམ་དོ་དམ་གྱི་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་ནས་མཐོ་གྲང་གི་ཆ་རྐྱེན་འོག་སྨན་རྫས་གསོག་ཉར་དང་། ཐག་རིང་པོར་ཟོག་འགྲེམས་སྐྱེལ་འདྲེན། གཞི་རིམ་མང་ཚོགས་ཀྱི་སྨན་སྤྱོད་སོགས་ས་མཐོར་དམིགས་བསལ་དུ་ཡོད་པའི་ཉེན་ཁར་དམིགས་ནས་ཆེད་དོན་ཞིབ་འཇུག་བརྡར་གཅོད་དང་། ཉེན་ཁ་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་སྟབས་བསྟུན་ངང་སེལ་བར་སྐུལ་འདེད་བཏང་བ་རེད།
མིག་སྔའི་བར། ལྗོངས་ཡོངས་ཀྱི་སྨན་རྫས་ལྟ་འདོམས་ཁོངས་གཏོགས་ཀྱིས་རིམ་རྩིས་བརྒྱབ་ན། སྨན་རྫས་སྡེབ་ཚོང་ཁེ་ལས་ལ་ཞིབ་བཤེར་ཐེངས་51བྱས་པ་དང་། སྨན་རྫས་སིལ་ཚོང་དང་བེད་སྤྱོད་ཁེ་ལས་དང་ཚན་པར་ཞིབ་བཤེར་ཐེངས་2773བྱས་པ། གྱོད་དོན་46ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་པ། དངུལ་ཆད་དང་གཞུང་བཞེས་སྒོར་ཁྲི་54.72བཏང་བ། སྨན་སྤྱོད་གསོ་རླུང་གི་འཁོར་འབྲེལ་ཧྲིལ་པོར་ལྟ་སྐུལ་ཞིབ་བཤེར་བྱས་པར་འབྲེལ་ཡོད་ཚན་པ་882ལ་ཁྱབ་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ཁག་32གྲལ་བཤེར་ཐུབ་པ་ཚང་མ་གདུབ་ཟུམ་དག་ཐེར་བྱས་ཟིན་ཡོད། དེ་དང་ཆབས་ཅིག“སྨན་རྫས་གཉིས་དང་ཡོ་བྱད་གཅིག”གི་སྨན་ནད་ཐེབས་པར་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་སྨན་ནད་ཐེབས་པའི་སྙན་ཞུ་ཁྱོན་1859བསྡུ་རུབ་བྱས་པ་དང་། སྔོན་ཚུད་ཉེན་བརྡའི་དོན་རྐྱེན་14ཐག་གཅོད་བྱས་པ་རེད།
མི་རིགས་ཁག་གི་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོར་བསྲུངས་ནས་བདེ་འཇགས་ངང་སྨན་སྤྱོད་པ་དང་བློ་བདེ་པོས་སྨན་བཅོས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།