ཁྱིམ་སློབ་གཞོགས་འདེགས་བྱས་ནས་དམའ་འབྲིང་སློབ་མའི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་ཐབས་སྐོར་གླེང་བ།
ཀུན་སྤྱོད་བྱང་ཚད་ནི་མི་གཤིས་བཟང་པོ་ལྡན་མིན་གྱི་མཐུན་རྐྱེན་ཡིན་ལ། ལོ་ཆུང་བྱིས་པ་དག་འཚར་ལོངས་ཡོང་བའི་ཁྲོད་དགོས་ངེས་ཀྱི་སྤྱོད་བཟང་སློབ་གསོ་ཞིག་དང་མཁས་བཙུན་བཟང་གསུམ་དུ་འགྱུར་བའི་རྨང་རྡོ་ལྟ་བུ་ཞིག་ཀྱང་ཡིན།
གཅིག་ནས་དམའ་འབྲིང་དུས་མཚམས་ནི་རིན་ཐང་ལྟ་བ་དང་། སྤྱོད་བཟང་གསོ་སྐྱོང་། ཁྲིམས་སྐྱོང་འདུ་ཤེས་བཅས་སྐྱེད་སྲིང་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ཞིང་། ས་མཐོའི་འབྲོག་ཁུལ་གྱི་ཀུན་སྤྱོད་དང་ཁྲིམས་སྐྱོང་གཞི་རིམ་དགེ་རྒན་ཞིག་གི་ངོས་ནས་ཀུན་སྤྱོད་སློབ་གསོའི་ལས་དོན་ནི་སློབ་ཁང་ནང་གི་ཤེས་བྱ་ཁོ་ན་སློབ་ཁྲིད་བྱས་པ་ཙམ་མ་ཡིན་པར། ཁྱིམ་ཚང་དང་སློབ་གྲྭ་མཉམ་བཞུགས་ཀྱིས་ཀུན་སྤྱོད་བྱང་ཚད་མཐོར་གཏོང་གི་མྱོང་ཚོར་དེ་བས་ཟབ་མོ་བྱུང་། འབྲོག་ཁུལ་གྱི་སློབ་གསོའི་དོན་དངོས་ལ་གཞིགས་ནས། ཀུན་སྤྱོད་དང་ཁྲིམས་སྐྱོང་འདུ་ཤེས་སྐྱེད་སྲིང་དང་། སློབ་ཞུགས་ལ་འགན་ལེན། ཞིང་འབྲོག་ཁུལ་དུ་སློབ་གསོ་སྤེལ་བའི་གནད་དོན་དག་ཁྱིམ་སློབ་མཉམ་ལས་ཐོག་ནས་ཟུང་འབྲེལ་དམ་ཟབ་བྱས་ཏེ་འབྲོག་ཁུལ་གྱི་དམའ་འབྲིང་སློབ་མར་འཚམ་པའི་ཀུན་སྤྱོད་སློབ་གསོའི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ནས་སློབ་མའི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་ཐབས་བྱེད་དགོས།
གཉིས་ནས་སློབ་གྲྭའི་སློབ་གསོ་ནི་ཀུན་སྤྱོད་དང་ཁྲིམས་སྐྱོང་སློབ་གསོའི་གཡུལ་ས་གཙོ་བོ་ཞིག་ཡིན་པས། རྒྱུན་གཏན་གྱི་སློབ་ཁྲིད་ཁྲོད་ང་ཚོས་ཐོག་མཐའ་བར་གསུམ་དུ་ཀུན་སྤྱོད་འཛུགས་སྐྱོང་དང་མི་སྣ་གསོ་སྐྱོང་བྱེད་པ་དེ་གཙོ་གནད་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་བྱེད་བཞིན་ཡོད་ལ། འབྲོག་ཁུལ་གྱི་སློབ་མའི་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་གཅེས་ལྟ་བ་དང་། མི་རིགས་མཐུན་སྒྲིལ། གཞུང་དྲང་ཡིད་རྟོན། རྒན་བཀུར་གཞོན་གཅེས། སྒྲིག་སྲོལ་དང་ཁྲིམས་སྐྱོང་གི་འདུ་ཤེས་སོགས་ཀྱི་ནང་དོན་སློབ་ཁང་ནང་མཉམ་འདྲེས་བྱེད་གང་ཐུབ་བྱས་ནས་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་དང་། གྱོད་དཔེར་དབྱེ་ཞིབ། གནས་ཚུལ་ཉམས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་མར་བླང་དོར་དང་ཡིན་མིན་དབྱེ་འབྱེད། སྤྱོད་བཟང་ཅན་དང་ཡོན་ཏན་ཅན་ལ་བརྩི་བཀུར། ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་བཀུར་བཅས་ལ་ཁྲིད་སྟོན་བྱེད་པ་དང་། སློབ་ཚན་གྱི་ནང་དོན་དང་ཟུང་འབྲེལ་གྱིས་འོས་འགན་སློབ་གསོའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཧུར་ཐག་བྱས་ནས་སློབ་མར་འོས་འགན་སློབ་གསོ་དང་ལེན་བྱེད་པ་དེ་དབང་ཆ་ཞིག་ཡིན་ལ་འོས་འགན་ཡང་ཡིན་པ་ཤེས་སུ་འཇུག་པ་དང་བསམ་བློའི་ཐོག་ནས་སློབ་མར་ད་ལྟའི་ཡང་དག་པའི་སྲིད་ཇུས་ཀྱི་མཛད་ཕྱོགས་དང་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱེད་པར་ཁྲིད་སྟོན་བྱས་ཏེ་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་བཞིན་མཆིས།
གསུམ་ནས་སློབ་མ་རྣམས་དགའ་སྤྲོའི་ངང་སློབ་ཞུགས་ཐུབ་པར་བྱེད་པ་ནི་འོས་འགན་སློབ་གསོའི་གལ་ཆེའི་ནང་དོན་ཞིག་ཡིན་ལ། དམའ་འབྲིང་སློབ་མའི་ཀུན་སྤྱོད་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པས། སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སྦྱངས་འབྲས་དང་ཀུན་སྤྱོད་ཞན་པའི་སློབ་མ་དམིགས་སུ་བཟུང་སྟེ། གནད་ལ་འཁེལ་བའི་རོགས་སྐྱོར་མཐའ་འཁྱོངས་བྱེད་པ་དང་ངང་རྒྱུད་རིང་པོས་སློབ་མའི་བསམ་བློར་ཁྲིད་སྟོན་བྱེད་པར་རྒྱུན་དུ་ཁྱིམ་ཚང་ཁག་ལ་བཅར་འདྲི་དང་། ཁྱིམ་སློབ་མཉམ་ལས་ཀྱིས་སློབ་མའི་དགེ་སྐྱོན་གླེང་རེས། སྲིད་ཇུས་ཀྱི་མཛད་ཕྱོགས་དང་ཤེས་ཡོན་གྱི་ཕན་ཡོན་སོགས་ཀྱི་ནང་དོན་སློབ་མར་ནན་ཏན་ངང་ཟུར་ཁྲིད་བྱས་ནས་སློབ་མ་དེ་དག་གི་སློབ་སྦྱོང་དང་འཚོ་བའི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱེད་པ་དང་། སློབ་སྦྱོང་ལ་དགའ་སྣང་མེད་པ་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་ཁྱིམ་སློབ་མཉམ་ལས་ཐོག་རོགས་སྐྱོར་བྱ་ཐབས་བཟོས་ནས་སེམས་ཁམས་ཀྱི་མཛུབ་སྟོན་དང་དཀའ་གནད་སེལ་རོགས་བྱས་ཏེ་སློབ་མའི་རྟོགས་སེམས་དང་མོས་སེམས་ཟབ་ཏུ་བཏང་ནས་སློབ་མ་དེ་དག་སློབ་གྲྭར་འགྲོ་འདོད་པ་དང་སློབ་སྦྱོང་བྱེད་འདོད་པའི་སྤྲོ་སྣང་འཕེལ་བར་བྱེད་དགོས།
བཞི་ནས་སློབ་མ་འགའ་ཞིག་ལ་ལུས་སེམས་ཀྱི་ནད་གཞི་དང་ཁྱིམ་ཚང་གི་དཀའ་གནད་རེ་ཟུང་འཕྲད་པ་ལས་རྒྱུན་གཏན་ལྟར་སློབ་གྲྭར་སྐྱེལ་མི་ཐུབ་པ་སོགས་ཀྱི་གནས་ཚུལ་དངོས་ལ་དམིགས་ནས། སློབ་གྲྭས་ཀུན་སྤྱོད་དང་ཁྲིམས་སྐྱོང་དགེ་རྒན་དག་ཞིང་འབྲོག་ཁུལ་དུ་གཤམ་སྐྱོད་བྱེད་སྒོར་གདན་དྲངས་ཏེ་ཀུན་སྤྱོད་སློབ་གསོའི་སློབ་ཚན་ཁྱིམ་ཚང་དུ་ཁྱབ་གདལ་གཏོང་གང་ཐུབ་ཅི་ཐུབ་བྱས་ནས་ཁྱིམ་བདག་དང་དགེ་རྒན་ངོ་ཐུག་གམ་དགེ་སློབ་གདོང་འཕྲད་ཀྱིས་སློབ་མའི་སེམས་ཁམས་ལ་མཛུབ་སྟོན་ཏན་ཏིག་བྱེད་དགོས་པ་མ་ཟད། ཁྱིམ་སློབ་མཉམ་ལས་ཀྱི་སྒོ་ནས་ཀུན་སྤྱོད་སློབ་གསོ་དང་དྲིན་གཟོའི་སློབ་གསོ་སྤེལ་རྒྱུར་དེ་བས་མཐོང་ཆེན་བྱས་ནས་སློབ་མར་རང་ཚུགས་རང་རྟོགས་དང་སེམས་ཁམས་གུ་ཡངས་དང་སྤྲོ་སྣང་ཡོང་བའི་ཁྲིད་སྟོན་བྱེད་པ་ནི་དེ་བས་གལ་འགངས་ཆེ། དེ་དང་ཆབས་ཅིག་ཁྱིམ་ཚང་སློབ་གསོའི་ཤེས་བྱ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་ཁྱིམ་བདག་གིས་རྒྱུན་ལྡན་འཚོ་བའི་ཁྲོད་ཁྱིམ་སྲོལ་བཟང་པོ་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ་དང་། ཁྱིམ་བདག་གི་ཡང་དག་པའི་སྤྱོད་ཚུལ་ལ་བསྟེན་ནས་ཕྲུ་གུར་ཤུགས་རྐྱེན་ཐེབས་པར་བྱས་ཏེ་ཁྱིམ་ཚང་དེ་ཀུན་སྤྱོད་སློབ་གསོའི་སློབ་ཁང་གཉིས་པར་འགྱུར་ཐབས་བྱེད་དགོས་ལ། ཁྱིམ་སློབ་མཉམ་ལས་བརྒྱུད་དམིགས་བསལ་སློབ་མའི་ཀུན་སྤྱོད་སློབ་གསོར་སློབ་མ་གཅིག་ཀྱང་མི་ལུས་པ་དང་དུད་ཚང་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས།
ལྔ་ནས་ཁྱིམ་སློབ་མཉམ་ལས་ཀྱི་ལམ་སྲོལ་འོག་ཁྱིམ་བདག་གིས་བུ་ཕྲུག་གསོ་སྐྱོང་བྱེད་ཕྱོགས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ནས་དེ་སྔའི“ཟུར་ནས་ལྟ་མཁན”དེ་རིམ་བཞིན་སློབ་གསོར“ཞུགས་མཁན”དུ་གྱུར་ནས་སློབ་གྲྭས་ཁྱིམ་བདག་ཚོགས་འདུ་དང་རྒྱུན་ལྡན་གྱི་སློབ་མའི་བྱ་སྤྱོད་ལ་འདྲི་རྩད་དང་དེ་བཞིན་ཁ་པར་དང་སྐད་འཕྲིན་ཚོགས་པའི་འབྲེལ་གཏུག་བྱ་ཐབས་སོགས་བརྒྱུད་ནས་སློབ་མ་དེ་དག་གི་སློབ་གྲྭའི་ནང་གི་བྱ་སྤྱོད་དུས་ཐོག་ཏུ་བརྡ་ལན་སྤྲད་དེ་ཚན་རིག་དང་མཐུན་པའི་སློབ་གསོའི་འདུ་ཤེས་བརྒྱུད་སྤྲོད་བྱེད་དགོས་ལ། ཁྱིམ་བདག་གིས་ཀྱང་སློབ་མའི་ཀུན་སྤྱོད་སློབ་གསོར་མཐོང་ཆེན་དང་རང་འགུལ་ངང་སློབ་གྲྭར་གཞོགས་འདེགས་བྱེད་པའི་འདུ་ཤེས་སྐྱེད་སྲིང་བྱེད་དགོས།
མདོར་ན། སློབ་གསོའི་ལམ་བུར་མི་སྣ་སྐྱོང་བར་ཀུན་སྤྱོད་གཙོ་བོར་འཛིན་དགོས་ཞེས་མཁས་པའི་གསུང་ལྟར། མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་སྐོར་ལ་ས་པན་མཆོག་གིས། འཇམ་པོས་འཇམ་པོ་འཇོམས་བྱེད་ཅིང་། །འཇམ་པོས་རྩུབ་པོའང་འཇོམས་པར་བྱེད། །འཇམ་པོས་ཀུན་འགྲུབ་དེ་ཡིས་ཕྱིར། །འཇམ་ཉིད་རྣོ་ཞེས་མཁས་རྣམས་སྨྲ། །ཞེས་གསུངས་པ་ལྟར། ཀུན་སྤྱོད་དང་ཁྲིམས་སྐྱོང་དགེ་རྒན་དག་གིས་རང་རྩུབ་པོས་གཏུལ། གཞན་འཇམ་པོས་གདུལ་ཐབས་ལ་དམིགས་ཏེ་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་ཞིང་འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ། ཁྱིམ་སློབ་མཉམ་ལས་བྱེད་ཐབས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ཀུན་སྤྱོད་སློབ་གསོ་དང་ཁྲིམས་སྐྱོང་སློབ་གསོ་དེ་དག་སློབ་མ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ཏེ་ཕྱོགས་ཡོངས་ནས་དམའ་འབྲིང་སློབ་མའི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་བར་དམིགས་བསལ་གྱི་ཕན་ནུས་ཞིག་ཐོན་ཐུབ་སྙམ།
(སྣ་དཀར་རྩེ་རྫོང་སློབ་འབྲིང་གི་པད་མ་ཆོས་འཛོམས)
འབྲེལ་ཡོད་གསར་འགྱུར།