སློབ་ཆུང་འཛིན་བདག་གིས་འཛིན་གྲྭའི་དོ་དམ་བྱེད་ཐབས་ལེགས་སུ་གཏོང་ཕྱོགས་མདོ་ཙམ་གླེང་བ།
བྱིས་དུས་ནི་མཚར་སྣང་ཆེ་བའི་དུས་སྐབས་ཤིག་ཡིན་ལ། སློབ་མའི་བྱ་སྤྱོད་དང་གོམས་གཤིས་གསོ་སྐྱོང་བྱེད་པའི་དུས་སྐབས་ཡག་ཤོས་ཀྱང་ཡིན་པས། སློབ་ཆུང་སློབ་མའི་ཕྱོགས་ཡོངས་ཀྱི་དོ་དམ་པ་ཡིན་པའི་འཛིན་བདག་གིས་དེའི་འགན་ནུས་གང་ལེགས་བཏོན་ཏེ་སློབ་ཆུང་སློབ་མའི་སློབ་སྦྱོང་དང་འཚོ་བར་དོ་དམ་བྱེད་པ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་སྟེ། སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་འགན་ལེན་བྱེད་དགོས། དཔྱད་རྩོམ་འདིར་སློབ་ཆུང་གི་འཛིན་བདག་གིས་འཛིན་གྲྭའི་དོ་དམ་བྱེད་ཐབས་ལེགས་སུ་གཏོང་ཕྱོགས་སྐོར་ལ་རང་ཉིད་ཀྱི་མྱོང་བ་མདོ་ཙམ་གླེང་ཞུས་བྱས་པའོ།
གཅིག འཛིན་བདག་གི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས།
འཛིན་བདག་ནི་སློབ་ཆུང་སློབ་མར་དོ་དམ་དང་སློབ་ཁྲིད་བྱེད་མཁན་ཡིན་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་མཁན་ཡང་ཡིན་པས། རང་ངོས་ཀྱི་བྱང་ཚད་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། སློབ་གྲྭར་ཞུགས་མ་ཐག་པའི་སློབ་ཆུང་སློབ་མ་ནི་དམིགས་བསལ་གྱི་ཚོགས་སྤྱི་ཞིག་ཡིན་པས། འཛིན་བདག་གིས་སློབ་མའི་སློབ་སྦྱོང་ཐད་དོ་ཁུར་བྱེད་དགོས་པ་མ་ཟད། སློབ་མའི་འཚོ་བ་དང་སེམས་ཁམས་སོགས་ཕྱོགས་གང་ཅའི་ཐད་ལའང་དོ་ཁུར་བྱེད་དགོས་པར་བརྟེན། རང་ངོས་ལ་ཕྱོགས་བསྡུས་བྱང་ཚད་ངེས་ཅན་ཞིག་ལྡན་དགོས།
འཛིན་བདག་ཅིག་ཡིན་ཙ་ན། དང་ཐོག་གཅེས་སེམས་ལྡན་དགོས་ཤིང་། དེ་ཡང་ཚད་དང་མཐུན་པའི་འཛིན་བདག་ཅིག་གི་གཞི་རྩའི་བྱང་ཚད་ཡིན་པས། ཕྱོགས་ལྷུང་གི་བསམ་བློ་མེད་པར་སློབ་མ་བྱམས་ཀྱིས་སྐྱོང་དགོས་པ་དང་འཛིན་གྲྭར་དོ་དམ་བྱེད་དགོས། བརྒྱུད་རིམ་དེའི་ནང་འཛིན་བདག་གིས་བརྩེ་བར་བརྟེན་ནས་སློབ་ཆུང་སློབ་མ་ཚང་མའི་ལེགས་ཆ་སྔོག་འདོན་དང་། སློབ་མ་ཚོ་དང་སྤེལ་རེས་བྱས་ཏེ་སློབ་མ་ཚང་མའི་སློབ་སྦྱོང་དང་འཚོ་བར་ཤེས་རྟོགས་ཞིབ་ཕྲ་བྱེད་དགོས་ཤིང་། སློབ་སྦྱོང་གི་གནོན་ཤུགས་ཆེ་བ་དང་འཚོ་བར་དཀའ་ངལ་ཡོད་པའི་སློབ་མར་དུས་ཐོག་ཏུ་ཁྲིད་སྟོན་དང་རོགས་རམ་བྱེད་དགོས།
འདི་ལྟར་བྱས་ན། སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད། དེ་དང་ཆབས་ཅིག འཛིན་བདག་གིས་སློབ་མ་སོ་སོར་གདེང་ཚོད་ཡོད་དགོས་པའི་སྐུལ་ལྕག་ཡང་ཡང་བྱས་ཚེ། སླད་ཕྱིན་སློབ་མའི་སློབ་སྦྱོང་དང་ལས་དོན་ཚང་མར་ཕན་ཐོགས་ཆེན་པོ་ཡོད། གོང་གི་དེ་གཉིས་ཕུད། འཛིན་བདག་གིས་སློབ་མ་ལེགས་པར་བསྐྱངས་འདོད་ཚེ། དོན་ཆེན་འགྲུབ་པར་ངང་རིང་དགོས་ཞེས་པ་ལྟར་དུས་རྒྱུན་དུ་ངང་རྒྱུད་རིང་པོས་སློབ་མ་སྐྱོང་དགོས་པ་གལ་འགངས་ཤིན་ཏུ་ཆེ།
འཛིན་བདག་གི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས་ན། སློབ་མར་གཅེས་སེམས་ཆེ་བ་དང་། ཡིད་ཆེས་སྦྱིན་ཐུབ་པ། སློབ་མ་བསྐྱངས་པར་ངང་རྒྱུད་རིང་བ་བཅས་ཕྱོགས་མང་པོའི་ཐད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དོ་དམ་བྱེད་རིང་ཞིབ་ཕྲའི་གནས་ཚུལ་ལའང་དོ་སྣང་བྱེད་དགོས།
གཉིས། སློབ་ཁྲིད་དང་བྱེད་སྒོ་ཟུང་འབྲེལ་ལ་མཐོང་ཆེན་བྱེད་དགོས།
འཛིན་གྲྭའི་བྱེད་སྒོ་སྤེལ་བར་མཐོང་ཆེན་བྱ་རྒྱུ་དེ་སློབ་ཆུང་འཛིན་བདག་གི་ཐུན་མོང་གི་འདུ་ཤེས་སུ་བཟུང་དགོས། གང་ལགས་ཤེ་ན། འཛིན་གྲྭའི་བྱེད་སྒོ་བརྒྱུད་སློབ་མ་ཚང་མའི་ཐུན་མོང་གི་འདུ་ཤེས་གང་ལེགས་མཚོན་ཐུབ་པ་མ་ཟད་སློབ་མའི་སྤྲོ་སྣང་འཕེལ་ཐུབ་པ་དང་། སློབ་མའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་ཐུབ། དེར་བརྟེན་འཛིན་བདག་གིས་སློབ་ཆུང་སློབ་མའི་རྩེད་མོར་དགའ་བའི་རང་གཤིས་ལ་དམིགས་ནས་དུས་བཀག་ལྟར་འཛིན་གྲྭའི་བྱེད་སྒོ་སྤེལ་ཏེ་སློབ་མ་ཚང་མ་བྱེད་སྒོར་ཞུགས་པར་སྐུལ་མ་ཧུར་ཐག་གཏོང་དགོས་པ་མ་ཟད། སློབ་མར་ཡང་འཛིན་གྲྭའི་བྱེད་སྒོ་སྒྲིག་འཛུགས་བྱེད་དུ་བཅུག་ནས་སློབ་གྲྭའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས། གཞན་ཡང་། འཛིན་གྲྭའི་བྱེད་སྒོ་འདེམས་སྐབས་དགེ་རྒན་གྱིས་སྤྲོ་སྣང་རང་བཞིན་ཆེ་བ་དང་སློབ་མའི་གསོན་ཤུགས་འཕེལ་ཐུབ་པའི་བྱེད་སྒོ་འདེམས་དགོས་པ་དང་། བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་སློབ་ཁྲིད་ཀྱི་ཤེས་བྱ་གང་འཚམ་བཀོད་སྒྲིག་བྱེད་དགོས། དེ་ལྟར་བྱས་ཚེ། སློབ་མ་ཚོ་དགའ་སྤྲོའི་ངང་རྩེད་མོ་རྩེ་ཞོར་དུ་རིག་གནས་ཀྱང་ཁོང་དུ་ཆུད་ཐུབ་པས། སློབ་མའི་སྦྱངས་འབྲས་ལེགས་སུ་གཏོང་བར་ཡང་ཕན་པ་ཆེ།
གསུམ། ཕུལ་བྱུང་གི་སློབ་མའི་དཔུང་ཁག་གཅིག་གསོ་སྐྱོང་བྱེད་དགོས།
འཛིན་གྲྭ་གཅིག་གི་སློབ་མ་འཛིན་བདག་ཁོ་ནར་བརྟེན་ན་ཕྱོགས་ཡོངས་ནས་དོ་དམ་ཡག་པོ་བྱེད་ཐབས་བྲལ་བར་བརྟེན། འཛིན་བདག་གིས་ཕུལ་བྱུང་གི་སློབ་མ་འགའ་ཤས་གསོ་སྐྱོང་བྱས་ཏེ་འཛིན་གྲྭར་དོ་དམ་བྱེད་དུ་འཇུག་དགོས། དེ་ཡང་དང་ཐོག་སློབ་མ་ཚང་མའི་གཤིས་ཀའི་ཁྱད་ཆོས་ལ་ཤེས་རྟོགས་ཞིབ་ཕྲ་བྱེད་དགོས་ཤིང་། དེ་རྗེས་དེ་མཚུངས་ཀྱི་འགན་འཁུར་ཐུབ་པའི་སློབ་མ་བདམས་ནས་འཛིན་གྲྭར་དོ་དམ་བྱེད་དུ་འཇུག་དགོས། དེ་ལྟར་བྱུང་ཚེ། འཛིན་བདག་གི་ལས་ཀའི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པ་དང་སེམས་ནུས་དེ་བས་མང་བ་སློབ་ཁྲིད་དང་སློབ་གྲྭའི་ལས་དོན་གཞན་གྱི་ཐད་འདོན་ཐུབ། འཛིན་བདག་གིས་ཀྱང་འཛིན་གྲྭའི་དོ་དམ་ལས་ཀ་ལེགས་པར་གྲུབ་ཐུབ་མཁན་སློབ་མར་མཐོང་ཆེན་དང་དེ་མཚུངས་ཀྱི་བྱ་དགའ་སྤྲོད་པ་དང་དོ་དམ་བྱེད་པའི་བརྒྱུད་རིམ་ནང་ལྷག་པའི་གནད་དོན་ཐག་གཅོད་དང་ཡོ་བསྲང་བྱེད་རོགས་བྱས་ན། སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་ཐུབ་ལ། འཛིན་གྲྭའི་སྒྲིག་ལམ་ཡང་ལེགས་སུ་ནུས་ལྡན་གཏོང་ཐུབ། དེས་ན། བྱང་ཚད་མཐོ་བའི་འཛིན་གྲྭའི་དོ་དམ་པའི་དཔུང་ཁག་གཅིག་འཛུགས་རྒྱུ་དེ་འཛིན་གྲྭའི་དོ་དམ་ལས་དོན་ཧྲིལ་པོར་དོན་སྙིང་གལ་ཆེན་ལྡན་ཡོད།
མདོར་ན། སློབ་ཆུང་འཛིན་གྲྭའི་དོ་དམ་ལས་དོན་རྙོག་འཛིང་ཇེ་ཆེར་འགྲོ་བ་དང་བསྟུན་ནས། སློབ་ཆུང་འཛིན་བདག་ལ་འཕྲད་པའི་འཛིན་གྲྭའི་དོ་དམ་གྱི་གནད་དོན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སློབ་ཆུང་སློབ་མའི་ཕྱོགས་ཡོངས་ཀྱི་དོ་དམ་པ་ཡིན་པའི་འཛིན་བདག་ལ་ལྡན་དགོས་པའི་ཆ་རྐྱེན་དེ་བས་མང་དུ་འགྲོ་བཞིན་ཡོད། འོ་ན་ཇི་ལྟར་བྱས་ཏེ་སློབ་ཆུང་འཛིན་གྲྭའི་ཕྱོགས་ཡོངས་ཀྱི་དོ་དམ་དང་སློབ་ཁྲིད་ལེགས་པར་བྱེད་དགོས་སམ་ཞེ་ན། འཛིན་བདག་གི་རང་ཉིད་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་སློབ་ཁྲིད་དང་བྱེད་སྒོ་ཟུང་འབྲེལ་ལ་སྣང་ཆེན་བྱེད་པ་དང་ཆབས་ཅིག འཛིན་གྲྭའི་དོ་དམ་པའི་དཔུང་ཁག་ཕུལ་བྱུང་ཞིག་ཀྱང་གསོ་སྐྱོང་བྱེད་དགོས། དེ་ལྟར་བྱུང་ཚེ། གཞི་ནས་འཛིན་གྲྭའི་དོ་དམ་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་དང་། སློབ་ཆུང་སློབ་མའི་ཕྱོགས་བསྡུས་བྱང་ཚད་ལའང་ཕྱོགས་ཡོངས་ནས་སློབ་གསོ་བཏང་ཐུབ་སྟེ་རང་རྒྱལ་གྱི་སློབ་གསོའི་བྱ་གཞག་ཆེད་ལེགས་སྐྱེས་འབུལ་ཐུབ།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ས་སློབ་ཆུང་གི་མིག་དམར་བུ་ཁྲིད་རྒན་པ)
འབྲེལ་ཡོད་གསར་འགྱུར།