དཀར་ལེབ་ན་རེ། དགེ་རྒན་གྱི་ཡིག་གཟུགས་ནི་གང་དེའི་ངོ་གདོང་གཉིས་པ་རེད།

འདི་ནི་མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གི་དགེ་སློབ་ཀྱི་ཡིག་གཟུགས་འགྲེམས་སྟོན་ཉིན་མོར་དཀར་ལེབ་ཀྱིས་ཡིག་གཟུགས་འབྲི་བཞིན་པ།
“བོད་ཡིག་ཡིག་གཟུགས་མཛེས་པ་ལ། ཉིན་ལྟར་བྲིས་ན་དགའ་བ་ལ” དཀར་ལེབ་ནི་མི་མང་པོས་གླེང་བཞིན་པའི་སྐད་ཆ་འདིའི་ལག་ལེན་པ་འཁྲུལ་མེད་ཅིག་རེད།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས་ཀྱི་སློབ་དཔྱོད་པ་ཞིག་ཡིན་པའི་དཀར་ལེབ་ནི། ས་སྐྱེས་རྡོ་སྐྱེས་ཀྱི་མལ་གྲོ་བ་ཞིག་ཡིན་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་པའི་བརྒྱུད་རིམ་ཁྲོད་དུ། བཤེས་གཉེན་བཟང་པོ་རབ་དང་རིམ་པའི་ཤོག་བུ་སྣུམ་ཟོས་ལྟ་བུའི་ཤུགས་རྐྱེན་དང་། མཛུབ་མོས་རི་སྟོན་ལྟ་བུའི་བཀའ་སློབ་འོག རིམ་གྱིས་བོད་ཡིག་ཡིག་གཟུགས་ལ་དང་ཞེན་ལྷག་པར་བརྟས།
1996ལོར་ལྷ་ས་དགེ་འོས་སློབ་གྲྭ་ནས་ཐོན་རྗེས། ཁོང་གིས་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་སློབ་ཆུང་དུ་སློབ་གསོ་སློབ་ཁྲིད་ཀྱི་ཕྱག་ལས་གནང་། སློབ་གསོ་སློབ་ཁྲིད་ཀྱི་བགྱི་བ་ལྷུར་དུ་བླངས་པའི་མི་ལོ་བཅོ་བརྒྱད་རིང་། དཀར་ལེབ་ཀྱིས་དྲིན་ཆེན་བཤེས་གཉེན་གྱི་གདམས་ངག་བྱིན་ཅན་རྣ་རྒྱབ་ཀྱི་རླུང་བུའམ། སྲང་མདོའི་སྙིགས་རོ་བཞིན་དུ་མ་བསྐྱུར་བར། དེ་དག་རང་གི་འགྲོ་འདུག་སྤྱོད་གསུམ་གྱི་ལམ་སྟོན་སྒྲོན་མེ་དང་། རང་ཉིད་མཚན་ཉིད་ཚང་བའི་དགེ་རྒན་ཞིག་བྱེད་པར་བསྐུལ་བའི་ཅོང་བརྡ་ཁོ་ནར་ངེས་ཤེས་རྙེད་དེ། ནམ་ཞག་རྒྱུན་དུ་སློབ་གསོ་སློབ་ཁྲིད་ཀྱི་ལས་ལ་བརྟུན་པ་ཆེར་བསྐྱེད་པ་མ་ཟད། རང་གི་བོད་ཡིག་ཡིག་གཟུགས་ཐད་ཀྱི་དགེ་མཚན་མངོན་པར་གསལ་བ་དེ་ཉིད་ཁོག་ཏུ་རུམ་ནས་མ་བསྡད་པར་སློབ་ཁྲིད་ཀྱི་ལག་ལེན་དངོས་དང་། སློབ་ཕྱིའི་བྱེད་སྒོ་སོགས་སུ་ལེགས་པར་བསྟན་པ་ལས། གང་ཞིག་གསེར་གྱི་རི་ལ་གནས་བཅས་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར་ཞེས་པ་ལྟར། སློབ་གྲྭ་གང་དེའི་དགེ་སློབ་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། ཀུན་ནས་ཡིག་གཟུགས་ལ་དང་དོད་ཀྱིས་བོད་ཡིག་ཡིག་གཟུགས་སྦྱོང་བའི་ཚ་རླབས་འགོག་མེད་དུ་འཕྱུར།
འཇིག་རྟེན་གཏམ་དཔེར། གསེར་ས་འོག་དང་འོད་ནམ་མཁའ་ཞེས་པ་ལྟར། དཀར་ལེབ་ཀྱི་ལུས་པོ་ཉི་མ་ལྕང་ར་ཤང་སློབ་ཆུང་གི་རྒྱ་ལས་མ་གྲོལ་ཡང་། ཁོང་གི་ཁེངས་སྐྱུང་དད་བརྩོན་གྱི་ཀུན་སྤྱོད་དང་། ངོ་མཚར་ཡི་གེའི་གཟུགས་ཀྱི་སྒྱུ་རྩལ་ནི་སྒྲ་ལྡན་ནོར་བུ་ཞིག་དང་གཉིས་སུ་མེད་པར། ཕྱོགས་ཀྱི་སྐྱེ་དགུའི་དར་ལུང་རྣ་བའི་ལམ་ན་སྐད་དུ་གྲགས།
2014ལོར། མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས་ཀྱི་གཅིག་གྱུར་ཡིག་རྒྱུགས་དང་། སློབ་ཁྲིད། ངོ་རྒྱུགས་བཅས་ཀྱི་འདེམས་སྒྲུག་བརྒྱུད་ནས། དཀར་ལེབ་རྫོང་སློབ་གསོ་ཅུས་ཀྱི་སློབ་དཔྱོད་པ་ཞིག་ཏུ་གྱུར། མ་གཞི་དགེ་རྒན་དང་སློབ་དཔྱོད་པ་གང་ཞིག་ཡིན་རུང་། སློབ་གསོའི་ལས་དོན་པའི་གནས་བབ་གཅིག་མཚུངས་ཡིན་མོད། འོན་ཏེ། ཕྲག་ཐོག་གི་འགན་འཁྲི་ནི་གཅིག་པ་ཅི་ལ་ཡིན་སྲིད། དེ་དོན་དཀར་ལེབ་ཀྱིས་གསལ་བར་རྟོགས་པས། ཁོང་གིས་རང་ཉིད་སློབ་དཔྱོད་པར་གྱུར་པའི་ཉིན་དང་པོ་ནས་བཟུང་། “ད་ཆ་ངའི་ལས་འགན་ནི་སློབ་གྲྭ་གཅིག་དང་འཛིན་གྲྭ་གཅིག་གི་སློབ་ཕྲུག་ལ་སློབ་ཚན་འཁྲིད་རྒྱུ་ཁོ་ན་མ་ཡིན་པར། རྫོང་ཧྲིལ་པོའི་དགེ་རྒན་དང་སློབ་ཕྲུག་ཡོངས་ལ་བསམ་བློ་གཏོང་དགོས”སྙམ་བཞིན་རང་གི་བསམ་བློའི་ཀུན་སློང་ལ་འགྱུར་བ་དེ་ལྟར་བཏང་སྟེ། སྤྱི་ཡོངས་ཀྱི་འདུ་ཤེས་དང་། སྤྱི་ཕན་གྱི་བསམ་བློ་ལས་ཀའི་སྔ་ཕྱི་བར་གསུམ་དུ་ཆད་མེད་བསྐྱངས།
མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་གི་ཐོག་སོ་གཉིས་པའི་བར་ཁྱམས་སུ་ལྕགས་སྒྲོམ་རིང་པོ་ཞིག་ཡོད་པ་དེའི་རྩིབས་ལོགས་སུ་ནག་པང་གྲུ་བཞི་ཆུང་ཆུང་སྟར་དུ་བསྒྲིགས་ཡོད་པ་དེ་དག་ནི། དགེ་རྒན་གྱི་ཉིན་རེའི་ཡིག་གཟུགས་སྒྲིག་གཤོམ་བྱེད་ས་ཡིན་ཞིང་། གསར་འགོད་པས་ངོ་མཚར་གྱི་འབོད་པ་སྒྲོག་གིན་པར་ལེན་པའི་ཚེ། “རྒན་ལགས་ཁོང་དང་ཐོག་ཡིག་གཟུགས་ཡག་པོ་མི་འདུག ཕྱིས་སུ་ཡིག་གཟུགས་གསོ་སྦྱོང་ལ་ཞུགས་པ་དང་རང་ཉིད་ཀྱིས་སྦྱོང་བརྡར་བྱས་པར་བརྟེན་ནས། ད་ཆ་གཞན་དང་ཨ་མཉམ་ད་མཉམ་འབྲི་ཐུབ་ཀྱི་འདུག”ཅེས་དཀར་ལེབ་ཀྱི་ནག་པང་ཆུང་ཆུང་ཞིག་ལ་མཛུབ་མོ་བཙུགས་ནས་དེ་ལྟར་གསལ་བཤད་བྱས།
དེ་ཡང་། མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས་ཀྱི་སློབ་དཔྱོད་ཁང་གིས་དགེ་རྒན་གྱི་ཡིག་གཟུགས་ཡག་ཏུ་གཏོང་བར་དམིགས་ནས། ལོ་རེའི་ཟླ་བ་བཞི་པའི་ནང་ཡིག་གཟུགས་གསོ་སྦྱོང་བྱེད་སྒོ་འཆར་ཅན་དུ་སྤེལ་ཞིང་། བྱེད་སྒོ་དེ་ཡང་རྣམ་པ་དང་མིང་ཙམ་མིན་པར་གཞུང་ལུགས་དང་ལག་ལེན་དམ་དུ་འབྲེལ་བ་ཞིག་ཡིན་ཏེ། གདན་དྲངས་པའི་ཡིག་གཟུགས་མཁས་ཅན་གྱིས་གཞུང་ལུགས་ལམ་ནས་དགེ་རྒན་གྱི་ཡིག་གཟུགས་ལག་ལེན་ལ་ཐད་ཀར་མཛུབ་སྟོན་བྱེད་ཀྱི་ཡོད་པས། ཐེངས་མི་རེ་ངོ་རེའི་གསོ་སྦྱོང་གི་ཕན་ནུས་མངོན་པར་གསལ་བས། གསོ་སྦྱོང་ལ་ཞུགས་མཁན་ཡང་ཇེ་མང་ནས་ཇེ་མང་དུ་གྱུར།
“སྤྱིར་ཡིག་གཟུགས་ནི་དགེ་རྒན་ཞིག་གི་ངོ་གདོང་གཉིས་པ་རེད་ལ། ཡང་སྒོས་དགེ་རྒན་ཞིག་གིས་ཡིག་གཟུགས་ཚད་ལྡན་ཞིག་འབྲི་མ་ཐུབ་ན། སློབ་མར་ཡིག་གཟུགས་ཐད་ཆ་རྐྱེན་འདོན་དུས་ངོ་གནོང་བའི་གནས་སུ་གྱར་གྱི་ཡོད། དེར་བརྟེན། རང་ཉིད་སློབ་དཔྱོད་པ་ཞིག་གི་ངོས་ནས་རང་ཉིད་ཙམ་མ་ཟད། རྫོང་ཧྲིལ་པོའི་དགེ་རྒན་དང་སློབ་ཕྲུག་གི་ཡིག་གཟུགས་ཡག་པོ་ཡོང་སླད་རང་ནུས་གང་ཡོད་འདོན་གྱི་ཡོད”ཅེས་དཀར་ལེབ་ཀྱིས་བརྗོད།
ལས་བྱས་པ་ཆུད་མི་འཛའ་ཞེས་པ་ལྟར། བགྲང་བྱ་སུམ་ཅུ་ལྷག་ཙམ་རིང་། རང་གཞན་གྱི་ཡིག་གཟུགས་འབྲི་སྦྱོང་ལ་ལྷོད་པ་མེད་པའི་བརྩོན་པའི་རྒྱུན་མ་ལྷོད་པས། པད་མ་གསེར་སྨྱུག་རྟགས་མའི་རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པར་དཀར་ལེབ་ཀྱིས་འཁྱུག་ཡིག་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད།
“ཡིག་གཟུགས་འགྲན་བསྡུར་ལ་ཞུགས་པ་དེ་ནི་བྱ་དགའ་ཙམ་གྱི་དོན་དུ་མིན་པར། དེ་ནི་གར་སྟེགས་མཐོ་སར་འཛེགས་ནས་གཞན་ལ་སློབ་སྦྱོང་ཞུ་ཐུབ་པའི་ཆེད་དུ་ཡིན། ད་ཐེངས་བྱ་དགའ་འདི་འདྲ་ཞིག་ཐོབ་པ་ནི་རང་ཉིད་ཡག་ཐོག་ཡག་བརྩེགས་ལ་བསྐུལ་བའི་རྟ་ལྕག་ཅིག་དང་འདྲ་བས། ངས་མུ་མཐུད་ནས་ཡིག་གཟུགས་ལམ་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཐད་རང་ཉིད་ཀྱི་ནུས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་དཀར་ལེབ་ཀྱི་བྱ་དགའ་ཐོབ་པའི་མྱོང་ཚོར་དང་མ་འོངས་ཀྱི་འདུན་པ་གླེང་ཞོར། དགེ་སློབ་ཀྱི་ཡིག་གཟུགས་བརྩམས་ཆོས་རྩོམ་སྒྲིག་དཔེ་སྐྲུན་སོགས་ཀྱི་འཆར་གཞི་མང་པོ་གླེང་བྱུང་བས། དཀར་ལེབ་ལྟ་བུའི་དཀའ་ངལ་ལ་ཇི་མི་སྙམ་པའི་སློབ་དཔྱོད་དཔུང་ཁག་གི་འབད་བརྩོན་འོག མ་འོངས་མལ་གྲོ་གུང་དཀར་རྫོང་གི་སློབ་གསོའི་བྱ་གཞག་ལ་གློག་ལས་མྱུར་བའི་འཕེལ་རྒྱས་ཡོང་རྒྱུར་ཐེ་ཚོམ་ཅི།
འབྲེལ་ཡོད་གསར་འགྱུར།