བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་མོར་ཚན་རྩལ་གསར་གཏོད་ཀྱི་དར་སྲོལ་ཆགས་པ།
—— ཆབ་མདོ་གྲོང་ཁྱེར་གྱི“ལམ་གཉིས”སྙིང་སྟོབས་ཀྱི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ་སྐབས་བདུན་པའི་མཐའ་བསྡུར་མཇུག་འགྲིལ་བ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི“ལམ་གཉིས”སྙིང་སྟོབས་ཀྱི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ་སྐབས་བདུན་པའི་མཐའ་བསྡུར་མཇུག་འགྲིལ་བ་རེད།
ཟླ་བ་གསུམ་ལྷག་ཙམ་འཚོལ་བསྡུ་དང་། ལེགས་འདེམས། བརྡར་གཅོད་བཅས་བྱས་པ་བརྒྱུད་འབྲས་ལྡན་གྱི་དུས་དེར་ས་མཐོར་གཞི་ཚུགས་པ་དང་འབྱུང་འགྱུར་ལ་ཕྱོགས་པའི་གསར་གཏོད་རྣམ་གྲངས་10ཡི་འགྲན་བསྡུར་འཁྲུག་པོ་བྱས་པ་རེད།
2019ལོར་འགྲན་བསྡུར་ཆེན་མོ་སྐབས་དང་པོ་གཉེར་ཚུན། ཆབ་མདོ་གྲོང་ཁྱེར་གྱིས“ལམ་གཉིས”སྙིང་སྟོབས་ཀྱི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོའི་ཁྱད་ལྡན་སྤུས་རྟགས་རྒྱུན་མཐུད་བཏོད་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་འགྲན་བསྡུར་ལ་བརྟེན་ནས་ཤེས་ལྡན་པ་ནང་འདྲེན་དང་། འགྲན་བསྡུར་ལ་བརྟེན་ནས་བློ་གྲོས་གཅིག་སྡུད། འགྲན་བསྡུར་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད། འགྲན་བསྡུར་ལ་བརྟེན་ནས་ལས་རིགས་དར་བ་བཅས་མཐའ་འཁྱོངས་བྱས་ཏེ་འགྲན་བསྡུར་ཆེན་མོ་དེ་ཉིད་གྲོང་ཁྱེར་ཡོངས་ཀྱི་གསར་གཏོད་ཤེས་ལྡན་པ་སྔོག་འདོན་དང་། སྤུས་ལེགས་རྣམ་གྲངས་སྐྱེད་སྲིང་། ཚན་རྩལ་གསར་གཏོད་ཀྱི་བྱེད་པོ་གསོ་སྐྱོང་། ཐོན་ལས་རིམ་སྤོར་ལ་མཐུན་རྐྱེན་སྦྱོར་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་བཏོད་པ་རེད།
སྐབས་འདིའི་འགྲན་བསྡུར་ཆེན་མོའི་ཐོག“གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་གྱིས་ཆབ་མདོའི་གསར་གཏོད་ཀྱི་ཕུགས་འདུན་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར་གསར་གཏོད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཡོད། འགྲན་བསྡུར་ཆེན་མོ་དེ་ཟླ་7པའི་ཟླ་སྟོད་ནས་རྣམ་གྲངས་བསྡུ་འགོ་ཚུགས་པ་དང་། ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་སྤུས་ལེགས་རྣམ་གྲངས་མང་པོ་འབྱོར་ཡོད། རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད་རྣམ་གྲངས་10འབུར་དུ་ཐོན་ནས་མཐའ་བསྡུར་ནང་ཞུགས་ཐུབ་པ་རེད།
འགྲན་རྩོད་དྲག་པོ་བྱས་པ་བརྒྱུད《བོད་ཤར་རིག་ནུས། MOFཡིས་AIརིགས་ཀྱི་རིག་ནུས་མང་བའི་ནུས་རྒྱུ་གསར་པའི་མ་ལག་ལ་སྐུལ་འདེད་གཏོང་བའི》རྣམ་གྲངས་ལ་མངོན་གསལ་དོད་པའི་ལག་རྩལ་གསར་གཏོད་རང་བཞིན་དང་ཆབ་མདོར་དོན་འཁྱོལ་བྱེད་ནུས་ཆེ་བར་བརྟེན་ནས་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད། ཀྲུའུ་ཞུའེ་ཐའོ་ཡིས་ལག་ཏུ་བྱ་དགའི་བུམ་པ་ཁྱེར་ནས“བྱ་དགའ་རིམ་པ་དང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། ད་ཐེངས་ཆབ་མདོར་ཡོང་ནས་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོར་ཞུགས་པ་དེའང་ཕ་ཡུལ་དུ་ལོག་པ་རང་་ཡིན། ངས་དེ་གོང་འབྲི་ཆུར་དམིགས་ནས་ཞིབ་འཇུག་བྱས་པ་ཡིན་སྟབས་ཆབ་མདོར་ཡོང་མྱོང་ཡོད། ད་ཐེངས་ཀྱི་བྱེད་སྒོའི་རྣམ་པ་ཧ་ཅང་ཟབ་མོ་འདུག ས་གནས་དེ་གའི་སྲིད་གཞུང་དང་ཚན་པ་ཁག་གིས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག ང་ཚོས་ཀྱང་རྣམ་གྲངས་དོན་འཁྱོལ་གང་མགྱོགས་བྱས་ཏེ་ས་གནས་དེ་གའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རེ་བྱེད་ཀྱི་ཡོད” ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
འགྲན་བསྡུར་ཆེན་མོ་དེ་རྣམ་གྲངས་བསྡུར་བའི་འགྲན་ར་ཞིག་ཡིན་པ་མ་ཟད། ཐོན་ཁུངས་སྦྲེལ་མཐུད་དང་ལག་གདང་སྦྲེལ་ནས་མཉམ་སྐྲུན་བྱེད་པའི་ལས་སྟེགས་ཤིག་ཀྱང་རེད། ས་ཡུལ་དངོས་སུ་ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཁེ་ལས་སྐྱོང་གསོའི་ལྟེ་གནས་ཀྱིས་ཁྲུང་ཆིང་གྲོང་ཁྱེར་ཁེ་ལས་ཚན་རྩལ་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས་དང་། ཅི་ཤིང་ཚན་རྩལ་ཚོགས་པ། སི་ཁྲོན་ནུབ་རྒྱུད་མ་དངུལ་བསྡུ་སྒྲིལ་ཞབས་ཞུ་ལྟེ་གནས། པེན་ཅིང་ཚན་རྩལ་གསར་གཏོད(ཁྲུང་ཆིང)ཚད་ཡོད་ཀུང་སི་བཅས་ཆེད་ལས་ལས་ཁུངས་བཞི་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ“འགྲན་བསྡུར་ལ་མཐུན་རྐྱེན་སྦྱོར་བ་དང་། སྐྱེད་སྲིང་གསོ་སྐྱོང་། གྲུབ་འབྲས་གཞན་སྒྱུར། ཐོན་ལས་དོན་འཁྱོལ”བཅས་ཟུང་དུ་འབྲེལ་བའི་འཁོར་འབྲེལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཞབས་ཞུའི་མ་ལག་ཐུན་མོང་ཐོག་བཏོད་པ་རེད། དེ་དང་ཆབས་ཅིག སྐྱོང་གསོའི་ལྟེ་གནས་ཀྱིས་ད་དུང་སྤུས་ལེགས་འགྲན་ཞུགས་རྣམ་གྲངས་དང་བཅའ་སྡོད་སྐྱོང་གསོའི་ཞབས་ཞུའི་གྲོས་མཐུན་བཞག་ནས་རྣམ་གྲངས་ལ་ལས་སྒྲུབ་ལྷན་སྦྱར་སྒྲིག་ཆས་དང་། ལས་གཏོད་ཟུར་ཁྲིད། སྲིད་ཇུས་འདུན་ཞུ། ཐོན་ཁུངས་འབྲེལ་མཐུད་སོགས་གཅིག་འཐུས་རྣམ་པའི་སྐྱོང་གསོའི་རྒྱབ་སྐྱོར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།