དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་གྱིས་ས་མཐོའི་སྐྱེ་ཁམས་ལ་མཐུན་རྐྱེན་སྦྱོར། རིག་ལྡན་གྱིས་ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད།

    ​—— གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གླེང་སྟེགས་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-13

    ཟླ་10ཚེས་10ཉིན། གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་གཉིས་པ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གླེང་སྟེགས་ཉིང་ཁྲིར་མཇུག་འགྲིལ་མོད། འོན་ཀྱང་ཚོགས་རའི་ཕྱི་རོལ་དུ་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྨྱན་སྦྱོར་སྣ་ཚོགས་བརྒྱུད་གླེང་སྟེགས་ཀྱི་གྲུབ་འབྲས་གལ་ཆེན་ལ་སྔར་བཞིན་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅིང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་སྐོར་གྱི་གྲོས་བསྡུར་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་འགྲོ་བཞིན་ཡོད་པ་རེད།

    བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་དང་སློབ་སྤྱི་གཞོན་པ་ཧྥང་ཅང་ཕིང་གིས། སྐབས་འདིའི་གླེང་སྟེགས་ཐོག་ཏུ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཚུལ་མངོན་པ་དག་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་། སྐྱེ་ཁམས་སླར་གསོ་དང་བཅོས་སྒྲིག སྦགས་བཙོག་འགོག་བཅོས་དང་འགག་སྒྲོལ་བཅས་ཀྱི་ཐད་ལ་ཡིན་ནའང་འདྲ། ཡང་ན་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་དང་། སྐྱེ་ཁམས་ཀྱི་རིན་ཐང་གཞན་སྒྱུར། སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་འཛུགས་སྐྱོང་སོགས་ཚང་མར་ཡར་རྒྱས་ཆེན་པོ་ཕྱིན་འདུག་ཅེས་བརྗོད་པ་དང་། ཁོང་གིས“ང་ཚོས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཁྲོད་ཀྱི་འགག་རྩའི་ཚན་རིག་གནད་དོན་ལ་དམ་པོར་དམིགས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། སྐྱེ་ཁམས་སླར་གསོ་དང་བཅོས་སྒྲིག ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ཐོག་གྲུབ་འབྲས་མང་པོ་ཐོན་པ་དང་གྲུབ་འབྲས་བཟང་པོ་ཐོབ་པ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན”ཞེས་བཤད།

    གླེང་སྟེགས་དེ་བརྒྱུད་ནས་ས་མཐོར་གཞི་ཚུགས་པའི་མཐོ་སློབ་ཀྱི་ཚན་ཞིབ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་ཞིང་འབྲོག་སློབ་ཆེན་ནགས་རྩྭ་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་དགེ་རྒན་ཆེ་མོ་བ་དཔལ་ལྡན་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཁོང་གིས། ང་ད་རེས་གནམ་ལྕགས་འབར་བའི་གླེང་སྟེགས་ལ་ཞུགས་ཐེངས་དང་པོ་ཡིན། རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་ཡོན་ཧྲི་ཚོའི་ཆུ་ཚད་མཐོ་བའི་བརྗོད་དོན་གཙོ་བོའི་སྙན་ཞུ་ཉན་པ་ལས་ང་ལ་བློ་སྐྱེས་གསར་པ་བྱུང་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་ཞེས་བརྗོད་པ་དང་། ཁོང་གིས། བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་ནགས་རྩྭ་དང་། སྲོག་ཆགས། རྩི་ཤིང་། བཟའ་བཅའ། ཆུ་གློག་སོགས་སློབ་གླིང་གིས་བོད་ཀྱི་ཁྱད་ཆོས་ལ་དམིགས་ནས་མུ་མཐུད་ཞིབ་འཇུག་བྱས་ཏེ། ས་ཆུ་སྲུང་འཛིན་དང་ཕྱུགས་རྩྭའི་སོན་བཟང་འདྲེན་འཛུགས་དང་འདུལ་གསོ་བྱེད་པ་ནས། འབྲི་གཡག་དང་བོད་ཕག་གསོ་སྤེལ་དང་ནས་དང་མ་རྨོས་ལོ་ཏོག་འདེབས་གསོ་བྱེད་པའི་བར་ཕྱོགས་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན། “བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་པ་དང་ལག་ལེན་བསྟར་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཅིང་། རིམ་རྩིས་བརྒྱབ་ན“སྙིགས་མེད་ཕྲ་ཕུང”11བསྐྲུན་པ་དང་འབྲེལ་ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་མིང་ཐོའི་ནང་བཅུག་པས། རྫོང་ཁོངས་ཀྱི་རྨོ་ཞིང་དང་གཙོ་གནད་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་བདེ་འཇགས་ངང་སྤྱོད་ཚད་99%ཡན་ཟིན་པ་དང་ཉེན་ཆེའི་སྙིགས་རོ་བདེ་འཇགས་ངང་ཐག་གཅོད་བྱེད་ཚད་100%ཟིན་ཡོད་པ་རེད། “ད་ཐེངས་ཀྱི་གླེང་སྟེགས་ལས་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ཡོད་ལ་གཞི་རིམ་གྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བར་ཐོབ་པར་དཀའ་བའི་གོ་སྐབས་ཀྱང་སྤྲད་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་གམ་པ་རྫོང་ཡན་ལག་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་ནོར་བུས་བཤད།

    ཉང་ཆུ་གཙང་པོའི་འགྲམ་ངོགས་སུ་བསམ་བློ་སྤེལ་རེས་བྱེད་པ་ནས་ལྗང་མདོག་གི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་བར། ས་མཐོར་གཉེར་བའི་གླེང་སྟེགས་འདིའི་ཐོག་ཏུ་བྱུང་བའི་ཐུན་མོང་གི་ངོས་འཛིན་དག་དོན་ཐོག་ཏུ་འཁྱོལ་བཞིན་ཡོད། ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གླེང་སྟེགས་ཀྱི་གྲུབ་འབྲས་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པའི་བྱ་སྤྱོད་དངོས་སུ་བསྒྱུར་ནས་སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་ལྗང་མདོག་གི་ལེགས་ཆ་སྔར་བས་ཆེ་རུ་བཏང་སྟེ། རི་སྔོན་ཆུ་དྭངས་ཀྱི་ཁྲོད་སྐྱེ་ཁམས་ཀྱི་ཕན་པ་སྔར་བས་ཡུན་རིང་དང་སྔར་བས་ལེགས་པ་ཐོབ་པ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།