དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • “རྩིས་ནུས་ཇོ་མོ་གླང་མ”ནས“གྲངས་རིག་ལྷ་སའི”བར།

    ས་མཐོར་གྲངས་འཛིན་རྩིས་ནུས་དར་བས་དམངས་འཚོའི་སྒུལ་ཤུགས་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-09

    ཆ་སྙོམས་ས་བབ་སྨི་3650ཡོད་པའི་གནའ་གྲོང་ལྷ་སས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་མིག་རྒྱང་རིང་བའི་རྩེ་རིམ་ཇུས་འགོད་ལ་བརྟེན་ནས། “རྩིས་ནུས”དེ་དུས་རབས་གསར་པའི་གྲོང་ཁྱེར་གྱི་མིང་བྱང་དུ་བཏོད་པ་དང་། ལྗོངས་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    2025ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི“རྩིས་ནུས་ཇོ་མོ་གླང་མའི”འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྣ་མང་ཅན་གྱི་རྩིས་ནུས་མ་ལག་བསྐྲུན་ནས་སྲིད་དོན་དང་། གློག་འཕྲིན། གཞུང་ཁོངས་རྒྱུ་ནོར་བཅས་ཀྱི་གྲངས་གཞིའི་ལྟེ་གནས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    རྩིས་ནུས་ཆེ་རུ་ཕྱིན་པ་དེས་ཐོག་མར་གྲོང་མིར་ཕན་པ་ཐོབ་ཡོད། སྲིད་དོན་སྤྲིན་རྩིས་དང་གྲངས་གཞི་མཉམ་སྤྱོད་བརྗེ་རེས་ལས་སྟེགས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་སུ་སྲིད་དོན་གྲངས་གཞི་དུང་ཕྱུར་4.33གཅིག་སྡུད་བྱས་པ་དང་། “AI+སྲིད་དོན་ཞབས་ཞུ”རྒྱལ་ཁབ་ཀྱི་དཔེ་མཚོན་དུ་བདམས་པ་རེད། ད་ཆ་གྲོང་མིས་སྤྱི་ཚོགས་འགན་བཅོལ་དང་། ཐེམ་ཐོ། འགུལ་མེད་རྒྱུ་ནོར་སོགས་ཀྱི་ལས་སྒོ་སྒྲུབ་སྐབས་ལག་ཐོགས་ཁ་པར་གྱི་APPའམ་ཡང་ན་སྡེ་ཁུལ་གྱི་རང་འདེམས་མཐའ་སྣེ་བརྒྱུད་ལེགས་གྲུབ་ཐུབ་ཀྱི་ཡོད། ད་ཆ་དེ་སྔོན་ལྟར་སྡེ་ཚན་མང་པོར་སྐྱོད་པ་དང་དཔྱད་གཞི་ཡང་ནས་ཡང་དུ་སྐྱེལ་བའི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་བརྒྱུད་མི་དགོས་པར་དྲ་གཅིག་ཀུན་སྒྲུབ་དང་ཐེངས་གཅིག་ལ་སྒྲུབ་ཐུབ་ཀྱི་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ལས་སྒོའི་ཕྱིར་གཏོང་ནང་འདྲེན་ཅུས་བཙུགས་པ་དང་། རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་ཐད་སྦྲེལ་ས་ཚིགས་བསྐྲུན་ཟིན་པ་དང་འབྲེལ་ཤར་གཏོང་ཐུབ་པའི་ཆ་རྐྱེན་ཡང་འཛོམས་ཡོད། རྨང་གཞིའི་དྲ་རྒྱའི་སྒྲིག་བཀོད་དེ་དག་འཐུས་སྒོ་ཚང་དུ་ཕྱིན་པར་བརྟེན་ལྷ་ས་གྲོང་ཁྱེར་གྱིས“ཀྲའོ་ཝ་སྟོང་གི་གྲོང་ཁྱེར”གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། ཟླ་3པའི་ཟླ་མཇུག་བར་རིམ་རྩིས་བརྒྱབ་ན་5Gསྦྲེལ་ཚུགས་7893བསྐྲུན་པ་དང་། སྲིད་འཛིན་གྲོང་ཚོར་5Gཤར་གཏོང་ཐུབ་ཚད་98.7%ཟིན་པ། གྲོང་ཁུལ་དང་། ཤང་དང་གྲོང་རྡལ། མཛེས་ལྗོངས་ཁུལ་བཅས་ཚང་མར་5Gདྲ་བ་ཁྱབ་ཡོད། ལྷ་ས་ནས་པེ་ཅིང་བར་གྱི་400Gཐད་སྦྲེལ་སྐུད་ལམ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་ཏེ། ལྗོངས་ནང་ཁུལ་གྱི་སྐར་ཆ་རིམ་པ་དང་སི་ཁྲོན་དང་ཁྲུང་ཆིང་གི་སྐར་ཆ་20རིམ་པའི་བརྒྱུད་གཏོང་མགྱོགས་པའི་ནུས་པ་གྲུབ་ཡོད། མངོན་གསལ་དོད་པའི་མཚོན་ཚུལ་དེ་དག་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་ཀྱི“སྐར་ཆ་རིམ་པའི་རྩིས་རྒྱག”གི་ཆེད་དོན་བྱ་སྤྱོད་གྲོང་ཁྱེར་ཁག་དང་པོའི་གྲས་སུ་བདམས་པ་དང་། རྩིས་ནུས་དྲ་རྒྱ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་བཀོད་ཇུས་ནང་དངོས་སུ་བཅུག་པ་རེད།

    རྒྱང་ཁྲིད་སློབ་གསོའི་ཁྱབ་ཁོངས་སུ་5Gདྲ་རྒྱ་དང་ཐད་གཏོང་སློབ་ཁྲིད་ལག་རྩལ་བརྒྱུད། ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་མས་སྤུས་ལེགས་སློབ་ཚན་གྱི་ཐོན་ཁུངས་མཉམ་སྤྱོད་ཐུབ་ནས་སློབ་གསོའི་ཧེ་བག་ཆུང་དུ་འགྲོ་བཞིན་ཡོད།

    རྩིས་ནུས་ཀྱི་མཐར་ཐུག་གི་རིན་ཐང་ནི་བཀོལ་སྤྱོད་བྱ་རྒྱུ་དེ་ཡིན། ལྷ་སར་རྩིས་ནུས་དེ་སྐད་བརྡའི་ཞབས་ཞུ་དང་། བཟོ་ལས་བཟོ་སྐྲུན། རིག་གནས་ཡུལ་སྐོར། སྨན་བཅོས་བདེ་ཐང་སོགས་ཁྱབ་ཁོངས་མང་པོར་ཁྱབ་ནས་མི་རྣམས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་རྒྱུན་གཏན་འཚོ་བར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད།

    མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེ་མོའི་ཁྱབ་ཁོངས་ནང“མཚོ་ཕག་གི་དཔེ་དབྱིབས་ཆེ་མོ་དང་གཏེར་ཚང་དཔེ་དབྱིབས་ཆེ་མོ་སོགས་སྔ་རྗེས་སུ་ཁྱབ་སྤེལ་བཏང་བ་དེ་དག་གིས་བོད་སྐད་དབྱེ་འབྱེད་དང་། ཡིག་སྒྱུར། རིག་ནུས་ལན་འདེབས་བཅས་ཐུབ་ཀྱི་ཡོད།

    བཟོ་ལས་རིག་ནུས་ཅན་གྱི་ཐད། ཧྭ་ཐའེ་ལུང་གཏེར་ལས་ཀྱིས“5G+རིག་ལྡན་གཏེར་རིར”བརྟེན་ནས“གཏེར་ཁ་བླུག་པ་དང་། དབོར་བ། འབེབས་པ”བཅས་བརྒྱུད་རིམ་ཧྲིལ་པོའི་རིག་ལྡན་ཅན་གྱི་འཁོར་སྐྱོད་ཐུབ་ནས་བོད་ཀྱི་5Gརིག་ལྡན་ལྕགས་རིགས་གཏེར་རིའི་ཚད་ཤིང་དང་པོར་གྱུར་ཡོད། དེ་སྔ་གཏེར་འདོན་པ་ཚོས་སྨི་བརྒྱ་ཕྲག་ཁ་ཤས་ཀྱི་ས་འོག་ཏུ་ཐལ་རྡུལ་དང་། འཛེར་སྒྲ། རྡོ་ལྷུང་བའི་ཉེན་ཁ་བཅས་ལ་མ་འཛེམས་པར་ལས་ཀ་བྱེད་ཀྱི་ཡོད། ད་ཆ་ཁོང་ཚོས་དཀར་ཆ་དོད་པའི་ལྟེ་བའི་ཚོད་འཛིན་ཁང་དུ་བསྡད་དེ་བརྙན་ཤེལ་དང་ལག་འཇུ་སྤྱད་ནས་རྒྱང་རིང་ནས་གློག་སྒུལ་འཕྲུལ་འཁོར་གྱི་ཁ་ལོ་སྒྱུར་བ་དང་། རང་འགུལ་ངང་གཏེར་ཁ་འབེབས་པ། རིག་ནུས་ཚོད་འཛིན་བཅས་བྱེད་ཀྱི་ཡོད།

    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལྷ་སས་རྩིས་ནུས་རྟེན་གཞིར་བྱས་ཏེ། གྲངས་འཛིན་དཔལ་འབྱོར་གྱི་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་གཏོད་བཞིན་ཡོད། སྲིད་ཇུས་ཁག་རྒྱུན་མཐུད་དོན་འཁྱོལ་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། ལོ་ངོ་སྟོང་གི་གནའ་གྲོང་དེས་གྲངས་འཛིན་དུས་རབས་སུ་དེ་བས་ངོ་མཚར་ཆེ་བའི་ས་མཐོའི་ལེའུ་རྩོམ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།