དམའ་འབྲིང་གི་འཛིན་བདག་ལ་ལྡན་དགོས་པའི་ཆ་རྐྱེན་སྐོར་ཅུང་ཟད་གླེང་བ།
ན་ཆུང་གཞོན་ནུ་ནི་མི་རིགས་ཀྱི་རེ་བ་དང་མེས་རྒྱལ་གྱི་བདག་པོ། ཁྱིམ་ཚང་གི་རེ་ལྟོས་འཆང་ས་ཡིན། ན་ཆུང་གཞོན་ནུ་ཤེས་སྤྱོད་གཉིས་འཛོམས་ཀྱི་མི་སྣ་འཇོན་ཐང་ཅན་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་སྤྱི་ཚོགས་ཧྲིལ་པོ་དང་། སློབ་གྲྭ་རེ་རེ། དེ་བཞིན་ཁྱིམ་ཚང་རེ་རེའི་དོར་དུ་མེད་པའི་བླ་མེད་ཀྱི་འགན་འཁྲི་ཞིག་དང་དུས་རབས་ཀྱིས་དཀྲིས་པའི་གཡོལ་དུ་མེད་པའི་འོས་འགན་ཞིག་ཡིན་པས། དམའ་འབྲིང་སློབ་མ་གསོ་སྐྱོང་གི་བྱ་བར་ལྷོད་གཡེང་དང་སྣང་ཆུང་རྩ་བ་ནས་གཏོང་མི་རུང་། དེ་ཡང་། འདས་ཟིན་པའི་མི་ལོ་ཉི་ཤུ་ལྷག་གི་སློབ་གསོའི་ལས་ཀའི་ལག་ལེན་དང་ལོ་ངོ་བཅོ་ལྔ་ཙམ་གྱི་འཛིན་བདག་གི་ལས་ཀའི་ཉམས་མྱོང་དངོས་ཀྱི་ཁྲོད་ནས་འཛིན་བདག་ནི་འཛིན་གྲྭ་ཞིག་གི་སྣེ་ཁྲིད་པ་དང་རྩ་འཛུགས་པ། སློབ་གསོ་བ་ཞིག་ཡིན་པའི་གལ་ཆེའི་རང་བཞིན་རྟོགས་བྱུང་ལ། འཛིན་བདག་གི་ལམ་སྟོན་བཟང་ངན་དེས་འཛིན་གྲྭ་ཧྲིལ་པོའི་སློབ་མའི་ཀུན་སྤྱོད་ཀྱི་བཟང་ངན་དང་ཤེས་བྱ་སྦྱོང་འདོད་ཀྱི་འདུན་པ། མཐུན་སྒྲིལ་གྱི་འདུ་ཤེས་དང་ཡར་ཐོན་གྱི་སྙིང་སྟོབས། ལྷག་པར་རྒྱལ་གཅེས་ཀྱི་བསམ་པ་སྐྱེད་སྲིང་དང་གཞན་ཕན་གྱི་བྱ་བར་གཞོལ་བའི་མོས་པ་གསོ་སྐྱོང་སོགས་ཕྱོགས་ཚང་མའི་ཐད་ནུས་པ་ཐོན་དང་ཐོན་མུས་ཡིན་པ་དོན་དངོས་ལས་ཀའི་ཉམས་མྱོང་ལས་ར་སྤྲོད་ཐུབ་པས། འདིར་ཚད་ལྡན་གྱི་དམའ་འབྲིང་འཛིན་བདག་ལ་ཆ་རྐྱེན་གང་དག་འཛོམས་དགོས་ཚུལ་སྐོར་རང་བློས་གང་དཔོག་གིས་ཅུང་ཙམ་གླེང་བར་བྱ།
དང་པོ། ངང་རྒྱུད་རིང་བའི་འཛིན་བདག་ཅིག་བྱེད་དགོས།
དགེ་རྒན་མང་པོ་ཞིག་དང་ཁྱིམ་བདག་ཕལ་མོ་ཆེས་དམའ་འབྲིང་དུས་སྐབས་ཀྱི་སློབ་མ་ནི་ཆེས་སློབ་པར་དཀའ་ཞིང་ཅུང་སྐྱོང་ཁག་པའི་ཟེར་སྒྲོས་ཀྱི་རྗེས་སུ་གཡམ་རྒྱུགས་གནང་སྟེ། དམའ་འབྲིང་འཛིན་བདག་གི་ལས་ཀ་ནི་རྙོག་དྲ་དང་དཀའ་ངལ་ཞིག་ཏུ་དགོངས་ནས་རང་གི་ལས་གནས་ལ་སེམས་གཏིང་ནས་ཞུགས་པར་འདོད་པའི་བློ་ནི་རི་འགོའི་སྨུག་སྤྲིན་ལྟར་རིམ་བཞིན་ཡལ་འགྲོ་བཞིན་ཡོད། ལྷག་པར་དུ་རྣམ་ཀུན་རང་གཅུན་གྱི་ནུས་པ་ཞན་པའི་སློབ་མ་དང་། སློབ་སྦྱོང་ལ་རང་འགུལ་མེད་ཅིང་རྣམ་གཡེང་ལ་གོམས་པའི་སློབ་མ་དག་དང་འཕྲད་སྐབས་ག་ཚོད་བསླབས་ཀྱང་ཤེས་རྒྱུ་མི་འདུག་སྙམ་པའི་སུན་སྣང་དང་ཡི་ཆད་ཀྱི་སྣང་ཚུལ་ཡང་ཡོང་བཞིན་ཡོད། འོན་ཏེ་ཚད་ལྡན་གྱི་དམའ་འབྲིང་འཛིན་བདག་ཅིག་བྱེད་པར་ཐོག་མར་འཛིན་གྲྭའི་སློབ་མར་སུན་སྣང་དང་ཡི་ཆད་ཀྱི་བསམ་པ་རིང་དུ་དོར་ཏེ་ཡང་བསྐོར་བསྐྱར་བསྐོར་གྱིས་གོ་བསྐོན་བློ་འགུག་བྱེད་ཐབས་ལ་མཁས་དགོས་པ་མ་ཟད། ངང་རྒྱུད་རིང་པོས་འཛིན་གྲྭའི་དོ་དམ་ལས་ཀའི་ཁྲོད་དཀའ་ངལ་ཡོད་རྒུ་ཁྱད་བསད་ཀྱིས་མུ་མཐུད་སློབ་གསོའི་བྱ་བར་འབད་དགོས། དེ་ལྟར་འབད་ན། རིམ་བཞིན་སློབ་མ་དང་སྙིང་ཉེ་བའི་བྱམས་བརྩེ་ཅན་གྱི་འཛིན་བདག་ཅིག་བྱེད་ཐུབ་པར་སེམས།
གཉིས་པ། སྨྲ་བརྗོད་ལ་མཁས་པའི་འཛིན་བདག་ཅིག་བྱེད་དགོས།
དམའ་འབྲིང་སློབ་མ་ནི་མི་ཚེའི་འཚར་ལོངས་ཁྲོད་ཀྱི་སྐས་རིམ་པ་གསར་པ་ཞིག་དང་། བྱིས་པ་ནས་གཞོན་ནུར་བར་བརྒལ་བྱེད་པའི་དམིགས་བསལ་གྱི་དུས་རིམ་ཞིག་ཡིན་པའི་ཆ་ནས་དམའ་འབྲིང་འཛིན་བདག་རྣམས་ངེས་པར་དུ་བཀའ་མོལ་གསུངས་པར་མཁས་དགོས། དམའ་འབྲིང་དུས་སྐབས་ཀྱི་སློབ་མ་ནི་རང་རང་གི་བསམ་ཚུལ་ཡང་ཅུང་མང་བ་དང་། ལྷག་དོན་མཐའ་འཁོར་གྱི་བྱ་དངོས་མཐའ་དག་ལ་དོགས་སློང་བྱེད་པར་དགའ་བའི་དམིགས་བསལ་གྱི་དུས་སྐབས་ཤིག་ཡིན་པས། ཡར་ཐོན་འགྲོ་དཀའ་བའི་སློབ་མ་ཁག་ཅིག་གི་ནོར་འཁྲུལ་ལ་སྐྱོན་བརྗོད་བྱེད་དགོས་ནའང་འདྲ། ཡང་ན་ཡར་ཐོན་ལམ་ལ་ཕྱོགས་ཟིན་པའི་སློབ་མ་ཡིན་ནའང་རུང་། སྐྱོན་བརྗོད་དང་ནོར་འཁྲུལ་གྱི་ཚིག་རྣོ་དྲག་རྒྱུ་མེད། གལ་ཏེ་སྐྱོན་བརྗོད་དེ་དམའ་འབེབས་སུ་སོང་ན་སློབ་མའི་བསམ་བློ་དྲང་ཕྱོགས་སུ་འགུག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་རང་དམའ་རང་ཕབ་དང་རང་གིས་རང་ལ་ཡིད་ཆེས་མེད་པའི་ཅོལ་ཆུང་གི་རང་གཤིས་གྲུབ་པའི་ཉེན་ཁ་ཆེ་ལ། ཡང་བསྔགས་བརྗོད་ཀྱི་བཀའ་མོལ་ཡང་ཚད་རན་པར་གནང་དགོས་ཏེ། བསྟོད་པ་ཚད་ལས་འདས་ན་མུ་མཐུད་དགེ་མཚན་དར་སྤེལ་དང་རྒྱུན་འཁྱོངས་ལ་མི་འབད་པར་རང་ཆེ་རང་མཐོང་གིས་ང་རྒྱལ་དང་ཁེངས་དྲེགས་ཅན་གྱི་སློབ་མ་ཞིག་ཏུ་གྱུར་ཉེན་ཡོད་པས་བཀའ་མོལ་གསུངས་དུས་སྒྱུ་རྩལ་ལ་མཁས་དགོས།
གསུམ་པ། འཛིན་གྲྭའི་ཨུ་ཡོན་འདེམས་སྒྲུག་ལ་མཁས་པའི་འཛིན་བདག་ཅིག་བྱེད་དགོས།
འཛིན་གྲྭའི་ཨུ་ཡོན་ནི་འཛིན་བདག་གི་ལས་ཀར་རམ་འདེགས་བྱ་མཁན་ཞིག་རེད་ལ། འཛིན་གྲྭ་ཁྱོན་ཡོངས་ཀྱི་སློབ་མའི་ཁྲོད་ཀྱི་གནས་ཚུལ་ཆེ་ཕྲ་ཆུང་གསུམ་ཅི་རིགས་ལ་རྒྱུས་མངའ་ཆེ་ཤོས་ཀྱི་ཚོགས་པ་གལ་ཆེན་ཞིག་ཀྱང་ཡིན། བྱས་ཙང་ཨུ་ཡོན་ལས་ཀའི་ནུས་ཤུགས་ཀྱིས་འཛིན་གྲྭ་ཁྱོན་ཡོངས་ཀྱི་སྒྲིག་འཛུགས་སྒྲིག་ལམ་དང་བསམ་བློ་ཀུན་སྤྱོད། སློབ་སྦྱོང་གི་སྦྱངས་འབྲས་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་པས། ཐོག་མར་སློབ་མ་སྤྱི་ཡོངས་ཁྲོད་བརྟག་དཔྱད་དང་རྒྱུས་ལོན་ཞིབ་ཚགས་བྱས་ཏེ་ཀུན་སྤྱོད་མིག་དཔེར་འོས་ཤིང་སློབ་སྦྱོང་ལ་དགའ་སྣང་ཆེ་བ། སྒྲིག་འཛུགས་ཀྱི་འཇོན་ཐང་ཆེ་ཞིང་རྩ་འཛུགས་ཀྱི་འདུ་ཤེས་ཟབ་པ་སོགས་རང་དཔེ་གཞན་སྟོན་གྱི་ཕུལ་བྱུང་གི་འཛིན་གྲྭའི་ཨུ་ཡོན་གདམ་སྒྲུག་གིས་འཆར་གཞི་ཡོད་པ་དང་། དོ་དམ་ལེགས་པའི་འཛིན་གྲྭའི་ཨུ་ཡོན་ཚོགས་པ་བཙུགས་ཏེ་སློབ་མ་ཁྱོན་ཡོངས་རང་འགུལ་ཅན་དང་རང་ཚུགས་ཅན། འཆར་གཞི་ཅན་དུ་འགྱུར་ཐབས་ལ་སྐུལ་དགོས།
བཞི་པ། འཇོན་ཐང་སློབ་མ་ལས་ལྷག་པའི་འཛིན་བདག་ཅིག་བྱེད་དགོས།
དམའ་འབྲིང་སློབ་མར་ཆ་མཚོན་ན། བསླབ་གཞིའི་རྣམ་གྲངས་སྣ་ཁ་མང་ཞིང་རྒྱུགས་ལེན་རྣམ་གྲངས་ཀྱང་མང་བས་སློབ་མའི་སློབ་སྦྱོང་གི་ཁུར་པོ་རང་བཞིན་གྱིས་ལྕི་རུ་སོང་ཡོད། དེས་ན་འཛིན་བདག་གིས་ངེས་པར་དུ་སྔ་དགོང་གི་སློབ་ཕྱིའི་དུས་ཚོད་ནང་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་མའི་སློབ་སྦྱོང་དང་། ངལ་གསོའི་དུས་ཚོད་གཉིས་འོས་འཚམ་གྱིས་བཀོད་སྒྲིག་བྱ་དགོས་ལ་སྤྲོ་སྣང་ལྡན་ཞིང་དོན་སྙིང་གིས་ཕྱུག་པའི་འཛིན་གྲྭའི་རིག་རྩལ་བྱེད་སྒོ་སྤེལ་དགོས། དཔེར་ན། རྒྱུགས་ཤར་འགྲན་སྡུར་དང་། ཡིག་གཟུགས་འགྲན་སྡུར། བོད་རྒྱ་དབྱིན་གསུམ་གྱི་སློབ་ཚན་གྱེར་ཀློག་འགྲན་སྡུར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་པ་སྤེལ་ནས་སློབ་མའི་ལུས་སེམས་ལ་སྔ་ན་མེད་པའི་བདེ་བ་ཞིག་སྟེར་ཐུབ་ན། སློབ་མ་ཚོས་དམའ་འབྲིང་གི་འཚོ་བ་འཛུམ་གྱིས་བསུ་བར་ནུས་པ་བླ་ལྷག་འདོན་སྤེལ་བྱེད་ཐུབ་པ་མ་ཟད། སློབ་མ་ཚོས་སེམས་གཏིང་ནས་སློབ་གྲྭའི་འཚོ་བར་དགའ་སྣང་འཕེལ་ཐུབ། འཛིན་བདག་གིས་དུས་རབས་དང་མཐུན་ཞིང་སྔོན་ཐོན་ཅན་གྱི་འཆར་གཞི་དང་བསྟུན་ནས་འཛིན་གྲྭ་ཁྱོན་ཡོངས་སྔོན་ཐོན་གྱི་ལམ་དུ་འཁྲིད་ཐུབ་ན། ད་གཟོད་སློབ་མས་འཛིན་བདག་ལ་རིམ་བཞིན་མོས་གུས་ཀྱི་བསམ་པ་སྐྱེས་ཐུབ། དད་པ་སྔོན་འགྲོ་མ་ལྟར་སྐྱེས་པ་ཡིས། ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་གྱུར་ཅེས་པ་ལྟར་སློབ་མས་འཛིན་བདག་གི་འཇོན་ཐང་ལ་གོང་བཀུར་དང་ཡི་རང་ཞུ་འགོ་རྩོམ་སྐབས་སློབ་མའི་སེམས་པ་འཛིན་བདག་ལ་ཕྱོགས་ཟིན་པ་ཡིན།
ལྔ་པ། ཞི་དྲག་གཉིས་ཀྱི་ཐབས་ལ་མཁས་པའི་འཛིན་བདག་ཅིག་བྱེད་དགོས།
མ་གཞི་སློབ་འབྲིང་གི་སློབ་མ་རྣམས་བྱིས་དུས་དང་ཁ་གྱེས་ཏེ་ན་གཞོན་དུས་སྐབས་ལ་ཁ་ཕྱོགས་ཟིན་ཡང་། ཁོ་ཚོའི་གཞན་རྟེན་གྱི་བསམ་བློ་སྔར་བཞིན་འཚར་ལོངས་བྱུང་མེད་ལ། ཁོ་ཚོའི་རང་གཅུན་ནུས་པའི་ཁོ་ལག་ཡོངས་སུ་རྫོགས་མེད་པས་ངེས་པར་འཛིན་བདག་གི་ཤ་ཚའི་དྲན་སྐུལ་ནི་ཤིན་ཏུ་མཁོ། ཁ་དཔེར། ཡོན་ཏན་རྒྱུག་པའི་རྩེ་ལ་ཡོད་ཅེས་པ་ལས་ཀྱང་སློབ་མའི་ཚོགས་ལ་སློབ་སྦྱོང་ཐོག་རེ་བ་ནན་པོ་འདོན་པ་དང་། སྤྱོད་ལམ་ཐད་རེ་བ་ནན་པོ་འདོན་དགོས་པ་གལ་འགངས་ཆེ་ཚུལ་བསྟན་པ་རེད། ཉེས་པ་གསོག་མཁན་གྱི་སློབ་མར་འོས་འཚམ་གྱི་ཆད་པ་གཅོད་དགོས། དེ་ཡང་ཅུང་ཚབས་ཆེ་བ་ཁག་ཅིག་ཁྱབ་བསྒྲགས་བྱེད་པའམ་ཉེས་ཚབས་ཆུང་བ་ཁག་ཅིག་སྒེར་ཐོག་ལ་ཐད་ཀར་འབོད་ན་འགྲིག གཞན་ཕན་སྒྲུབ་མཁན་དང་རྣམ་ཀུན་ནས་རང་ལ་རེ་བ་ནན་པོ་བཅོལ་མཁན་སློབ་མ་རྣམས་ལ་ངག་ཐོག་ནས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའམ་ཡང་ན་དམིགས་བསལ་གཟིགས་བཟོས་བདག་རྐྱེན་སྤྲད་དེ་མུ་ནས་མུ་རུ་རྒྱུན་སྐྱོང་དགོས་པའི་སྐུལ་ལྕག་བྱས་ན་བཟང་པོ་དགའ་བ་ཚོར་ཞིང་ངན་པ་རྒྱ་ཡན་དུ་མི་འགྲོ་བར་ནུས་པ་ཐོན་ཐུབ་པས། ཞི་དྲག་གི་ཐབས་ཟུང་དུ་སྤྱོད་པར་མཁས་དགོས།
མདོར་ན། འཛིན་གྲྭ་གཅིག་ལ་ཆ་མཚོན་ན། འཛིན་བདག་ནི་འཛིན་གྲྭའི་སློབ་མ་ཚང་མའི་འགྲོ་འདུག་སྤྱོད་གསུམ་གྱི་མིང་དོན་མཚུངས་པའི་ཕ་མ་གཉིས་པ་ལྟ་བུའི་གནས་བབས་བཟུང་ནས་ཡོད་པས། ཤ་ཚ་ཞིང་སྙིང་ཉེ་བའི་སློབ་གསོ་དང་སློབ་ཁྲིད་ཀྱི་ཞོར་ནས་སློབ་མའི་སེམས་ཁམས་ཀྱི་དགོས་མཁོ་སྐོང་རྒྱུར་སྣང་ཆེན། སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་རྒྱུར་མཐོང་ཆེན། རང་གི་སྐད་ཆ་དང་བྱ་བྱེད། མི་གཤིས་བཟང་པོས་མིག་ལྟོས་འཕེར་བ་བཅས་ལ་གཙིགས་ཆེན་གནང་སྟེ། གདོང་ལ་འཛུམ་མདངས་ཡོད་པ་དང་། སེམས་ལ་བྱམས་བརྩེ་ཡོད་པ། བློ་ལ་ཤེས་བྱ་ཡོད་པ། ལུས་ལ་འཇོན་ཐང་ཡོད་པ། རྣམ་དཔྱོད་དང་ལྡན་པ་ཞིག་བྱུང་ན་ད་གཟོད་སློབ་མའི་རུས་ནས་གུས་པའི་ཕུལ་བྱུང་གི་འཛིན་བདག་ཅིག་གནང་ཐུབ་པར་ཐེ་ཚོམ་མེད་སྙམ།
(ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སློབ་འབྲིང་། ཟླ་དཀར་བག་གྲོ)
འབྲེལ་ཡོད་གསར་འགྱུར།