ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དུ་པུས་ཚིགས་བརྗེ་བའི་གཤགས་བཅོས་ཐོག་མ་ལམ་ལྷོངས་བྱུང་བ།
ཉེ་ཆར། ཐེན་ཅིན་གྲོང་ཁྱེར་སྨན་བཅོས་བོད་སྐྱོར་རུ་ཁག་གི་རོགས་སྐྱོར་གནད་སྨིན་འོག ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་མི་དམངས་སྨན་ཁང་གིས་ས་གནས་དེ་གར་པུས་ཚིགས་བརྗེ་བའི་གཤགས་བཅོས་ཐོག་མ་ལམ་ལྷོངས་བྱུང་ཞིང་། རུས་ཚིགས་ན་ནས་འགྲོ་སྐྱོད་དཀའ་བའི་བོད་རིགས་མང་ཚོགས་གཉིས་ལ་རང་ཁྱིམ་གྱི་སྒོ་རྩ་ནས་ནང་སའི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། དེའི་ཐོག་ནས་ཐེན་ཅིན་གྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་དོན་ཐོག་ཏུ་འཁྱོལ་ཏེ་བོད་ཀྱི་དམངས་འཚོར་ཕན་ཐོགས་པ་མཚོན་ཡོད།
གོ་འཇོ་རྫོང་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་གནམ་གཤིས་ཆ་རྐྱེན་ཞན་པས་རུས་ཚིགས་ན་བའི་ནད་གཞི་ཕོག་སླ་པོ་ཡོད། དུས་ཡུན་རིང་པོའི་ནང་། ས་གནས་དེའི་མང་ཚོགས་ལྗོངས་ཕྱིར་སྨན་བཅོས་བྱེད་པར་འགྲོ་སྐབས་འགྲོ་གྲོན་མཐོ་ལ་ནད་གཡོག་རྒྱུག་མཁན་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད། མང་ཚོགས་ཀྱི་ནད་བསྟེན་དཀའ་བའི་དཀའ་ངལ་ཐག་གཅོད་ཏན་ཏིག་ཐུབ་ཆེད། གོ་འཇོ་རྫོང་འཕྲོད་བསྟེན་བདེ་ཐང་ཚན་པས་རང་འགུལ་ངང་ཐེན་ཅིན་གྲོང་ཁྱེར་ཏུང་ལི་ཆུས་ཁ་གཏད་བོད་སྐྱོར་ཐོན་ཁུངས་དང་སྦྲེལ་མཐུད་བྱས་ཏེ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ས་མཐོར་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
ཐེན་ཅིན་གྲོང་ཁྱེར་ཏུང་ལི་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཏུང་ལི་ཆུས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཀོང་ཧྲན་གྱིས་སྣེ་ཁྲིད་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་གོ་འཇོར་འབྱོར་རྗེས། དུས་ཐོག་ཏུ་རྫོང་མི་དམངས་སྨན་ཁང་གི་སྨན་དོན་པ་དང་མཉམ་དུ་གཤགས་བཅོས་མ་བྱས་གོང་གི་གྲལ་བཤེར་དང་ནད་གཞིར་ཚོད་སྐོར་བྱས་ནས་ནད་པའི་གཟུགས་གཞི་དང་ས་མཐོའི་ས་བབ་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་གཤགས་བཅོས་ཀྱི་ཇུས་གཞི་བཟོས་པ་རེད།
“རང་ཁྱིམ་གྱི་སྒོ་རྩ་ནས་གཤགས་བཅོས་ཐུབ་སྟེ་ནང་སར་འགྲོ་མི་དགོས་པས། འགྲོ་གྲོན་གྲོན་ཆུང་ཐུབ་པ་མ་ཟད་སེམས་ཁྲལ་ཡང་བྱེད་དགོས་ཀྱི་མི་འདུག གཤགས་བཅོས་ཡག་པོ་བྱུང་སོང་། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། ཐེན་ཅིན་ནས་ཡོང་བའི་སྨན་པ་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ནད་པའི་ནང་མི་བཀྲ་རྡོར་གྱིས་སེམས་འགུལ་ཐེབས་བཞིན་བཤད།
གོ་འཇོ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ལིའུ་ཏུང་གིས“ད་ཐེངས་ཀྱི་པུས་ཚིགས་བརྗེ་བའི་གཤགས་བཅོས་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ་ནི་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་སྨན་བཅོས་ནུས་པ་ཆེ་རུ་ཕྱིན་པའི་ལམ་ཚད་རྡོ་རིང་ཞིག་རེད། ང་ཚོས་བོད་སྐྱོར་གྱི་ཐོན་ཁུངས་མུ་མཐུད་ཡག་པོ་སྤྱོད་རྒྱུ་མ་ཟད། ‘བརྒྱུད་རོགས་ཁྲིད’གསུམ་ཡག་པོ་བྱས་ནས་ས་གནས་ཀྱི་སྨན་བཅོས་དཔུང་ཁག་གི་ཆེད་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡིན”ཞེས་བཤད།
ད་ཐེངས་ཀྱི་གཤགས་བཅོས་ལེགས་གྲུབ་བྱུང་བ་དེས་མང་ཚོགས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་བའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཕྱིན་པ་མ་ཟད། གོ་འཇོ་རྫོང་གི་གཤགས་བཅོས་དེ་རིགས་ཀྱི་ལག་རྩལ་གྱི་སྟོང་ཆ་ཡང་བསྐངས་ཐུབ་ནས“གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་ཡོད།
འབྲེལ་ཡོད་གསར་འགྱུར།