ཚེ་བརྟན་སྒྲོལ་མ།
འཆད་སྟེགས་གྲུ་བཞིར་ལང་ཚོ་ཕུལ། བུ་སློབ་ཁྲི་སྟོང་མང་པོ་བསྐྱངས།
ས་མཐོའི་ཞོགས་པའི་ཉི་འོད་སློབ་གྲྭར་ཡོངས་སུ་འཕྲོས་པ་དང་དཔེ་ཀློག་གི་སྙན་དབྱངས་ལྷང་ལྷང་གྲགས། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གི་ཁོར་ཡུག་ནས་ལས་བྲེལ་ཆེ་བའི་དགེ་རྒན་ཚེ་བརྟན་སྒྲོལ་མའི་གཟུགས་བརྙན་མཐོང་ཐུབ། ཁོང་གིས་ལོ་16རིང་གཞི་རིམ་སློབ་གསོའི་འཐབ་ས་དང་པོར་གཞི་ཚུགས་ནས་དཔེ་ཁྲིད་མི་སྐྱོང་གི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཤིང་། བརྩེ་བ་ཟབ་མོ་དང་། ངང་རྒྱུད་རིང་པོ། འགན་སེམས་ཆེན་པོ་བཅས་ལ་བརྟེན་ནས་སློབ་མ་རེ་རེ་བཞིན་བྱམས་ཀྱིས་བསྐྱངས།
2010ལོར་ཚེ་བརྟན་སྒྲོལ་མ་རྫོང་དེའི་རུ་ཐོག་ཤང་སློབ་ཆུང་དུ་ལས་བགོས་བརྒྱབ་པ་དང་། 2016ལོར་ཚེ་བརྟན་སྒྲོལ་མ་རྫོང་དེའི་ནན་ཅིང་ཚོད་ལྟའི་སློབ་ཆུང་དུ་ལས་ཀ་བསྒྱུར་ནས་མུ་མཐུད་སློབ་ཁྲིད་ཀྱི་ལས་ལ་གཞོལ།
གཞི་རིམ་སློབ་གྲྭའི་ཕྲུ་གུ་མི་ཉུང་བའི་ཁྱིམ་ཚང་གནས་བབ་དམིགས་བསལ་ཡིན་ཞིང་། ལ་ལའི་ཕ་མ་ཕྱིར་གླ་པ་རྒྱུག་པར་ཕྱིན་པ་དང་། ལ་ལའི་ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་ཕྲུ་གུ་ཚོ་ཕོག་ཐུག་འགྲོ་སླ་ལ་སྙིང་སྟོབས་ཞན་ཙམ་ཡོད། ཚེ་བརྟན་སྒྲོལ་མས་སློབ་མའི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ཞིབ་ཚགས་བྱེད་པ་མ་ཟད། ཕྲུ་གུ་ཚོའི་འཚོ་བའི་དཀའ་ངལ་ལའང་དོ་སྣང་བྱེད་ཀྱི་ཡོད་པ་དང་། སེམས་ཁམས་བདེ་པོ་མེད་པའི་སློབ་མ་དང་འཕྲད་ཚེ་ཁོང་གིས་རང་འགུལ་ངང་སྙིང་གཏམ་ཤོད་རེས་བྱེད་པ་དང་གྲོགས་པོ་ཞིག་ལྟར་ཕྲུ་གུའི་སེམས་ནང་གི་སྐད་ཆ་ཉན་རོགས་བྱེད་ཀྱི་ཡོད་ལ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་རང་འགུལ་ངང་སློབ་མའི་འཚོ་བ་ནས་འགོ་ཚུགས་ཏེ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་ཀྱི་ཡོད། “སློབ་གསོ་ནི་དེབ་ནང་གི་ཤེས་བྱ་ཁྲིད་པ་ཙམ་མ་ཡིན་པར་དེ་བས་ཕྲུ་གུ་ཚོ་བདེ་ཐང་འཚར་ལོངས་ཡོང་བར་སློབ་གསོ་གཏོང་བ་ཞིག་རེད”ཅེས་པ་ནི་ཚེ་བརྟན་སྒྲོལ་མས་རྟག་ཏུ་བརྗོད་པའི་སྐད་ཆ་ཞིག་རེད།
སློབ་གསོ་ནི་སློབ་དེབ་ཀྱི་ཤེས་བྱ་ཁྲིད་པ་ཙམ་མ་ཡིན་པར། དེ་བས་ཀྱང་དྲོ་སྐྱིད་ཀྱི་སྡོད་རོགས་བྱ་རྒྱུ་དེ་རེད། ལོ་16གི་རིང་། རྨང་གཞི་ཞན་པ་དང་སློབ་སྦྱོང་གི་གོམས་གཤིས་ཡག་པོ་མེད་པའི་ཕྲུ་གུ་དང་འཕྲད་སྐབས། ཚེ་བརྟན་སྒྲོལ་མས་རྟག་ཏུ་སློབ་གསེང་དུས་ཚོད་སྤྱད་དེ་ལོགས་སུ་ཟུར་ཁྲིད་དང་ངང་རྒྱུད་རིང་པོས་ཡང་ནས་བསྐྱར་དུ་སློབ་ཁྲིད་བྱེད་ཀྱི་ཡོད། སྦྱང་འབྲས་ལ་དམ་འཛིན་བྱེད་པ་ཕུད། ཁོང་གིས་ཕྲུ་གུ་ཚོའི་སེམས་ཁམས་ལའང་དོ་སྣང་ཆེན་པོ་བྱས་ཏེ། ཕྲུ་གུ་ཚོར་སྡུག་རུས་ཆེན་པོ་དང་རང་གིས་རང་ལ་ཡིད་ཆེས་བྱེད་པའི་སྤོབས་པ་བསྩལ་ནས་སྐབས་རེ་རེའི་ན་གཞོན་ཚོས་ཕུགས་འདུན་དོན་གཉེར་བྱེད་པར་རོགས་རམ་བྱེད་བཞིན་ཡོད།
ཨང་རྩིས་དགེ་རྒན་ཞིག་ཡིན་པའི་ཁོང་གིས་ཕྲུ་གུ་ཚོའི་གོ་བ་ལེན་ནུས་ཞན་པ་དང་ཨང་རྩིས་སྦྱོང་ཁག་པོ་ཡོད་པར་དམིགས་ནས། ས་གནས་དེ་གའི་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཉེ་འགྲམ་གྱི་མིག་མཐོང་ལག་ཟིན་ཐུབ་པའི་དཔེ་མཚོན་དག་སྤྱད་ནས་གོ་དཀའ་བའི་ཨང་རྩིས་ཀྱི་ཤེས་བྱ་དག་གོ་བདེ་ཤེས་སླའི་ངང་སློབ་མ་ཚོར་ཁྲིད་ཀྱི་ཡོད། ཁོང་གི་ཞིབ་ཅིང་ཕྲ་བ་དང་གནད་ལ་འཁེལ་བའི་སློབ་ཚན་ཁྲིད་སྟངས་ལས་སློབ་མའི་ཨང་རྩིས་སྦྱོང་བའི་དཀའ་ངལ་ཆུང་དུ་ཕྱིན་པ་མ་ཟད། སློབ་སྦྱོང་གི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད།
ལོ་མང་རིང་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། ཁོང་ལ་རང་སྐྱོང་ལྗོངས་ཀྱི་རིག་ཚན་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་དང་། གྲོང་ཁྱེར་རིམ་པའི་ཕུལ་བྱུང་སློབ་ཚན། རྫོང་རིམ་པའི་སློབ་ཁྲིད་ཀྱི་བྱ་དགའ་ཨང་དང་པོ་སོགས་ཀྱི་བྱ་དགའ་མང་པོ་ཐོབ་ཡོད། ཁོང་གིས་གྲངས་འཛིན་ཅན་གྱི་སློབ་ཁྲིད་ཀྱི་རྗེས་སུ་འབྲངས་ནས་ཇོ་མོ་གླང་མའི་སྤྲིན་ཚོམ་སློབ་ཁྲིད་ཀུན་ཁྱབ་སོགས་རིག་ལྡན་སློབ་གསོའི་ལས་སྟེགས་བྱང་ཆུབ་པོས་སྤྱོད་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་རིག་ལྡན་སློབ་གསོའི་ལས་སྟེགས་ཀྱི་མི་སྒེར་གྱི་བྱ་དགའ་ཨང་དང་པོའང་ཐོབ་ཡོད།
ལོ་16སྐད་ཅིག་ཙམ་ལ་འདས་ཤིང་། དེ་དུས་ཀྱི་ལང་ཚོ་རྒྱས་པའི་གཞོན་ནུ་མ་དེ་ད་ཆ་མལ་གྲོ་གུང་དཀར་རྫོང་གི་རིག་ཚན་རྐང་འཛིན་པ་དང་ལྷ་ས་གྲོང་ཁྱེར་གྱི་སློབ་ཁྲིད་འཇོན་ཐང་ཅན་དུ་གྱུར་ཡོད། ལོ་མང་རིང་ཁོང་ལ་ཕུལ་བྱུང་དགེ་རྒན་དང་། དཔེ་སྟོན་འཛིན་གྲྭའི་ཀྲུའུ་རེན། རྐང་འཛིན་དགེ་རྒན། ལྷ་ས་གྲོང་ཁྱེར་གྱི་སློབ་ཁྲིད་འཇོན་ཐང་ཅན་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་སྔ་རྗེས་སུ་ཐོབ་ཡོད་པ་དང་། ཁོང་གིས་གྲུབ་འབྲས་དངོས་ལ་བརྟེན་ཏེ་མི་དམངས་ཀྱི་དགེ་རྒན་ཞིག་གི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།